R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 8
[A:8]པར་བཤད་ནའང་། རུས་ཀྱི་ཕྱི་མོ་བཅུ་གཉིས་ཙམ་ལ་བསྡུས་སོ། །དེ་ལ་རྒྱལ་རིགས་རྣམས་ཆེ་བ། རྗེ་རིགས་རྣམས་མཐུན་པ། བྲམ་ཟེའི་རིགས་རྣམས་གཙང་བ༑ དམངས་རིགས་རྣམས་མང་བ་དང་བཞི་ལས། སྤྱིའི་རིགས་བཞི་ཟེར་ཏེ། འཛམ་བུ་གླིང་པའི་མི་རིགས་ཐམས་ཅད་འདི་བཞིར་འདུས་སོ། །བར་གྱི་རིགས་བཞི་ནི། རྒྱ་གར་བ་ལྷ་ལས་ཆད་པས། སཾསྐྲི་ཏ་ལྷའི་སྐད་དུ་སྨྲ། རྒྱ་ནག་པ་ཀླུ་ལས་ཆད་པས། ན་ག་ཏྲི་ཏ་ཀླུའི་སྐད་དུ་སྨྲ། ཧོར་ལྷ་མ་ཡིན་ལས་ཆད་པས། ཨ་སུ་ཏྲི་ཏ་ལྷ་མ་ཡིན་གྱི་སྐད་དུ་སྨྲ། བོད་སྤྲེའུ་དང་བྲག་སྲིན་མོ་ལས་ཆད་པ་ནི། ཨ་ཝ་བྷྲཾ་ཤ་ཏྲི་ཏ་འདྲེའི་སྐད་དུ་སྨྲ་བ་དང་བཞིའོ། །ནང་གི་རིགས་བཞི་ནི། སྟོང་དང་། ལྡོང་དང་། སེ་དང་། དམུ་རྣམས་ཏེ། འདི་བཞི་ལས་བོད་མི་ཕལ་ཆེ་བ་གྱེས་པར་བཤད་པས། འདི་རྣམས་ལ་རུས་ཀྱི་ཕྱི་མོ་བཅུ་གཉིས་ཞེས་གྲགས། ཡང་ལུགས་གཅིག་ལ། ཕྱིའི་མིའུ་རིགས་བཞི་ནི། སྤང་ཕུག་གི་ཕྱི་བ་དང་། ཀོ་ཀྱོང་གི་སྦལ་པ་དང་། སྤྲ་དང་། སྤྲེའུ་དེ་བཞིའོ། །ནང་གི་མིའུ་རིགས་བཞི་ནི། གམ་ཤང་རྒྱ་དང་། གྱིམ་ཤང་ཧོར། ཁ་ལེ་མོན། སྤུ་རྒྱལ་བོད་དང་བཞིའོ། །དེའི་ནང་ནས། རྒྱ་ལ་གྲོལ་ཆ་གཉིས་སུ་གྱེས་པ་ནི། དམུ་རུས་དང་། ཀེ་ལའོ། །ཧོར་ལ་ཡང་གཉིས་སུ་གྱེས་པ་ནི། སྲིན་ཚ་དང་། ལྷ་ཚའོ། །མོན་ལ་རིགས་གསུམ་བྱུང་བ་ནི། མོན་རང་རྒྱུད་པ་དང་། རྒྱ་བོད་མཚམས་ཀྱི་མི་ཉག ཀོང་པོ་དང་གསུམ་མོ། །བོད་ལ་མིའུ་གདུང་དྲུག་ཏུ་གྲོལ་ཏེ། དེ་ཡང་བོད་ཁམས་པའི་ལུགས་ལ། སྔོན་ཡུལ་རྨ་ཁ་ཤུ་གཡག་ཤུར་བྱ་བའི་གོང་ཁར། སྲིད་པ་རྒྱ་ལུ་ཐིང་གེ་ཞེས་པ་ལ་བུ་གསུམ་བྱུང་བ་ལ་རྒྱ་བོད་ཧོར་གསུར་དུ་གྱེས་པའི། བོད་མི་ཁྲི་ཐོ་ཆེན་པོ་བྱ་བ་དེ་ལ་བུ་དྲུག་བྱུང་བ་ནི། དབྲ་འབྲུ་ལྡོང་གསུམ་ལྒ་དང་བཞི། ནུ་བོ་ཝས་དྷ་གཉིས་དང་དྲུག