R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 10
[A:10]རྒྱལ་རབས་ཀུན་གྱི་མཆོག་གྱུར་རྒྱ་གར་རྒྱལ་རབས་བཞུགས་སོ། །ན་མ་སརྦ་བུདྡྷ་བོ་དྷི་སཏྭ་བྷེ། ཀུན་མཁྱེན་ཀུན་ལ་མཁས་པའི་ཟས་གཙང་སྲས། །ལྷའི་ལྷར་གྱུར་སྲིད་པ་གསུམ་གྱི་མགོན། ཁམས་གསུམ་མུན་པའི་སྨག་རུམ་སེལ་མཛད་པ། །བུ་རམ་ཤིང་པའི་གདུང་འཛིན་ཞབས་ལ་འདུད། །འདྲེན་མཆོག་དེ་ཡིས་མི་མཇེད་འཇིག་རྟེན་འདིར། །གཟིགས་པ་ལྔ་ཡིས་འགྲོ་བའི་དོན་ལ་བྱོན། །རྒྱལ་བའི་ཞིང་མཆོག་རྒྱ་གར་རྒྱལ་རབས་འདི། །རྒྱལ་རབས་ཀུན་གྱི་རྩེ་མོར་འབྲི་བར་བྱ། །ཐོག་མར་འཛམ་གླིང་འདི་ན་མཆོག་གྱུར་པ། །ཟས་བཞི་མིང་དྲུག་ཐ་དད་རྣམ་གསུམ་གྱི། །ཀུན་ནས་འབྱོར་པ་སྔོན་མེད་མི་ཡི་བདག།མང་པོས་བཀུར་བའི་ཞབས་ལ་ཕྱག་འཆལ་ལོ། །དེ་ཡང་སྔོན་རབས་དང་ད་ལྟར་བྱུང་བའི་ལོ་རྒྱུས། ཁ་དོག་སྣ་ཚོགས་པ་ལས། དང་པོ་རྒྱལ་པོ་མང་པོས་བཀུར་བའི་གདུང་རབས་འདི། སྔོན་ལ་བཤད་པར་བྱ་བ་ཡིན་ཏེ། འཛམ་བུ་གླིང་འདི་དང་པོ་བྱུང་བ་དང་། མཆོག་ཏུ་གྱུར་པའི་ཕྱིར་རོ། །དང་པོ་སྟོང་གསུམ་འཇིག་རྟེན་གྱི་ཁམས་འདི་ཆགས་པ་ན། །འཛམ་བུ་གླིང་འདི་ཆུས་རྒྱ་མཚོ་ཆེན་པོའི་སྟེང་དུ། རླུང་གིས་བསྲུབས་པའི་སྤྲིས་མ་མར་གསར་ལྟ་བུའི་ས་ཆེན་པོ་འདི་ཆགས་ཞིང་། འོད་གསལ་གྱི་ལྷ་འགའ་ཞིག་ཚེ་འཕོས་ནས་དེར་མིར་སྐྱེས་ནས། རང་འོད་ཀྱིས་རང་གསལ་ཞིང་མཁའ་ལ་འགྲོ་ལ། དགའ་