R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 137
[A:137] བོད་དབུས་གཙང་དུ་ཐོག་མར་ཧོར་ཇིང་གིར་རྒྱལ་པོས། རྒྱ་ནག་རྒྱལ་ས་ལོན་ནས་རྒྱལ་ཁམས་བྱིངས་པོ་མནན། བུ་རྣམས་ལ་ས་བགོས་བྱས་པའི་དུས་དང་། གཞན་ཡང་ཧོར་རྒྱལ་པོ་ན་རིམ་གྱི་བར་ལ། ལྷ་སྡེ་མི་སྡེ་ཕྱེ་གསལ་དང་ས་ཚིགས། དུད་བགྲང་ལུགས་ཅི་རིགས་སུ་བྱུང་འདུག་ནའང་། འདིར་ཧོར་ཐོ་གོན་ཐི་མུར་རྒྱལ་པོས། ཁྲི་ཐོག་ཕེབས་ནས། དྷོ་ཤུ་ཏ་ཨ་ནུ་གན་བྱ་བ་དང་། གབ་ཕྱག་ཏྭའི་ཕིང་ཆང་མངགས་ནས། དབུས་གཙང་དཔོན་ཆེན་གཞོན་དབང་སྐྱར་མའི་དུས། ས་ཚིགས་དུད་གྲངས། ཧོར་དུད་བཅས་པ་ནི་འདི་ལྟར་སྣང་ངོ་། ཁང་པ་ཀ་བ་དྲུག་གི་ཁྱོན་ཅིག ཞིང་ཧོར་སོན་ཁལ་བཅུ་གཉིས་ཀྱི་ས། མི་བཟའ་མི་བུ་ཚ་བྲན་ཁོལ་ཕོ་མོ་དང་བཅས་པ་དྲུག ཕྱུགས་སྒལ་རྨོས་བཞོན་གསུམ། ར་ལུག་མགོ་ཆེན་གཉིས་རྣམས་ལ་མགོ་སྭེ་ཉི་ཤུ་རྩ་བཞི་ཡོད་པར་འདུག་པ། དེ་འདྲ་ཞིག་ལ་ཧོར་དུད་ཚང་མ་གཅིག་ཟེར་བར་འདུག་ཅིང་། ཧོར་དུད་ལྔ་བཅུ་ལ་རྟ་མགོ་གཅིག དེ་གཉིས་ལ་བརྒྱ་སྐོར་གཅིག དེ་བཅུ་ལ་སྟོང་སྐོར་གཅིག དེ་བཅུ་ལ་ཁྲི་སྐོར་གཅིག་ཟེར་ཞིང་། ཁྲི་སྐོར་ལུགས་ཅན་ཚང་མ་ལ། ལྷ་སྡེ་སྟོང་སྐོར་བཞི་དང་། མི་སྡེ་སྟོང་སྐོར་དྲུག་དགོས་པ་ཡིན་པ་འདུག ཁྲི་སྐོར་བཅུ་ལ་ཀླུ་གཅིག དེ་བཅུ་ལ་ཞིང་གཅིག་ཟེར་རོ། །འདི་བཞིན་རྩིས་པའི་ཞིང་བཅུ་གཅིག་ཧོར་སེ་ཆེན་རྒྱལ་པོའི་དུས་མངའ་འོག་ཏུ་ཆུག་པ་ཡིན་པ་འདུག་ཅིང་། ཞིང་གི་མིང་ནི་ཏའི་ཏུའི་མཁར་ནང་ན་ཅོང་ཞིང་། ཕྱི་སོ་ན་ཧོ་ནམ་ཞིང་། ཞིམ་ཟ་ཞིང་། གམ་ཟུ་ཞིང་། སི་ཆོན་ཞིང་། ཧུ་ནམ་ཞིང་། གྱང་སི་ཞིང་། བྱང་ཅི་ཞིང་། གུ་རུ་ཞིང་། ལེའོ་ཡང་ཞིང་། བོད་ཆོལ་ཁ་གསུམ་གྱིས། ཞིང་གཙང་མ་མ་ལོང་ན་ཡང་། བླ་མའི་བཞུགས་གནས་དང་། སངས་རྒྱས་ཀྱི་བསྟན་པ་དར་བའི་ས་ཕྱོགས་ཡིན་པས་ཞིང་གཅིག་ཏུ་བགྲངས་པས། བཅུ་གཅིག་ཡིན་ཟེར་རོ། །ལས་གནས་བསྐོས་པའི་རིམ་