R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 138
[A:138]པ་ནི། བཅུ་དཔོན། ལྔ་བཅུ་དཔོན། བརྒྱདཔོན། སྟོང་དཔོན། ཁྲི་དཔོན། ཀླུའི་ད་ར་ཁ་ཆེ། ཀླུ་གསུམ་ལ་དབང་ན། ཀླུ་གུན་མིན་དབན་ཧུ་ཞེས་པའི་མིང་དང་། ཤེལ་ཀྱི་ཐམ་ཁ་སྟེར་བ་ཡིན་པ་འདུག་པ། བོད་དུ་དཔོན་ཆེན་ཤཱཀྱ་བཟང་པོ་ལ་གནང་འདུག གཞན་ཡང་དཔོན་ཆེན་ཕལ་ཆེ་བ་ལ། དྷིང་ཟྭམ་ལུ་སོན་ཝི་སི་དུ་དབྱེན་ཤ་ཟེར་བའི་མིང་དང་། དངུལ་དམ་གླིང་དྲུག་མ་སྟག་མགོ་དང་བཅས་པ་སྟེར་བར་འདུགདཔོན་ཆེན་ཞེས་པ་ནི་བླ་མའི་ཉེ་གནས་ལ། བོད་ཀྱིས་ཆེ་མིང་བཏགས་པར་འདུག་ཅིང་། ཆོལ་ཁ་ཞེས་པ་ཧོར་རྒྱལ་པོས་བླ་མ་ལ་དབང་ཡོན་ཕུལ་བའི་མདོ་སྟོད་སྨད་དབུས་གཙང་དང་བཅས་པ་ལ་མིང་བཏགས་པར་འདུག རྒྱ་ཧོར་གྱི་ཡུལ་ཞིང་དང་། ཁྲི་སྟོང་ལ་སོགས་པ་མ་གཏོགས། ཆོལ་ཁའི་མིང་ནི་བརྗོད་བྱ་མེད་ཟེར་རོ། །ཞིང་དུ་ལོང་ནས་ཞིང་གི་མི་དཔོན་ཆེན་པོ་ཟེར། རྒྱལ་རྒྱུད་བུ་དང་མག་པ་ལ་བཀོད་པ་ཡིན་པར་འདུག་ཅིང་། དབང་གི་མིང་དང་། གསེར་གྱི་དམ་ཁ་གསེར་སྒོར། དངུལ་སྒོར་སྟེར་བ་ཡིན་པར་འདུག དེ་ཡང་བུ་ཆེ་འབྲིང་ཆུང་གསུམ་ལ་དཔགས་པའི་མིང་རབ་འབྲིང་ཐ་ལས་ཚན་རིམ་པ་གསུམ་དུ་བསྐོས་པ་ཡིན་འདུག རྒྱལ་ཁམས་འཇགས་དགོས་པའི་དོན་ལ། རྒྱལ་པོ་ཡབ་སྲས་ལ། ངོ་སྲུང་མེད་པའི་སྙན་སྐུལ་ཞུ་བ་དང་། རྒྱལ་རྒྱུད་མི་དཔོན་རྣམས་ཀྱིས་གསུག་པ་ཟོས་པ་དང་། བྱ་བ་ནོར་པ་བྱས་པ་ན། འཆོས་པ་དང་། སྐྱོན་འཛིན་པའི་ཁྲིམས་ར་ཐའི་ས་གསུམ་ཡོད་པའི། སྐུའི་ཐའི་ཁྲིམས་ར། ཏཱ་ཏུ་ན་ཡོད། སི་ཐའི་ཀིཾ་ཆ་ཧཱུ་ན་ཡོད། གནམ་ཐའི་ཧང་བྱིའུ་ན་ཡོད། ཐའི་ས་གསུམ་གྱི་འོག་ན་གླེན་ཧང་ཟི་ཉི་ཤུ་རྩ་བཞི་ཡོད་པ། མཚན་ལའང་སོན་ཧང་བཞིན་མིང་། ཙ་ཧེ་ཙ་ཧོ་དེ་རྣམས་ཀྱང་ཁྲིམས་ཀྱི་དགག་བཞི་ཡིན། དེ་བཞི་སྐོར་ལ་ཁྲིམས་ར་དྲུག་བཞི་ཉི་ཤུ་རྩ་བཞི་ཡོད་པའོ། །མི་ཆེན་ཧོར་གྱི་རྒྱལ་རབས་འདི་བྲིས་པས། །དགེ་ཆེན་རྣམ་དཀར་འབྲས་བུ་འདི་ཡི་མཐུས། །ས་ཆེན་འདི་ལ་གནས་པའི་འགྲོ་བ་ཀུན། །བདེ་ཆེན་ཐར་པའི་གླིང་དུ་མྱུར་བགྲོད་ཤོག །དགེ་ལེགས་འཕེལ་བར་གྱུར་ཅིག།།།