[A:139]དབུས་གཙང་ཁྲི་སྐོར་གྱི་དུད་གྲངས་དང་། འཇའ་མོ་འཛིན་ལུགས་བཞུགས་སོ། །ཧོར་སེ་ཆེན་རྒྱལ་པོའི་ལུང་གིས། མི་ཆེན་དས་མན་ལ་བཀའ་བསྩལ་པ། དས་མན་ཁྱོད་ཉོན་གཅིག་བོད་འདི་མི་ཐུ་མོ་རང་ཡིན་པར། སྔོན་བོད་ཀྱི་རྒྱལ་པོ་ཡོད་པའི་དུས། ཐང་ཐའི་ཛུང་རྒྱལ་པོའི་རིང་ལ། རི་བོ་རྩེ་ལྔའི་བར་བོད་དམག་མང་པོ་ཡོང་། ཧུ་ཐིང་ཧུས་སར་བཀའ་མ་ལོག་ཟེར་བའི་མཚན་ཆེན་པོ་སྡོད་པ་བྱས་འདུག ད་ལྟ་བོད་ལ་རྒྱལ་པོ་མེད། ཇིང་གིར་རྒྱལ་པོའི་སྐུ་བསོད་ལ། །རྒྱལ་ཁམས་ཆེན་པོ་དབང་དུ་བསྡུས། །ས་སྐྱ་བླ་མའང་རང་རེའི་བླ་མཆོད་དུ་ཁུགས་པ་འདི་ཡིན། བླ་མ་འཕགས་པ་ཁུ་དབོན་འདི་པ། ཡུལ་གཞན་གྱི་རྒྱལ་པོ་ཡིན་ན། ཁོང་ཤེས་རབ་ཆེས་བས་རང་རེས་མི་ཐུབ། ད་ལྟ་བོད་བྱིངས་རང་རེའི་འོག་ཏུ་ཆུད་པ་འདི་ཡིན། དས་སྨན་ཁྱོད་སྤྱོད་པ་བཟང་པོ་ཡོད་པས། ས་སྐྱར་ཐེངས་གཅིག་སོང་ཤིག །བོད་བྱིངས་པོ་སེ་ཆེན་གོ་པེ་ལིའི་འོག་ཏུ་ཆུད་ནས། མི་ཆེན་དས་སྨན་ཡང་ས་སྐྱ་ན་སླེབ་ཡོད་པ་འདུག་ཟེར་བའི་གཏམ་སྙན་པོ་ཐོས་པ་ཡིན་གསུངས། དས་སྨན་གྱིས་ཞུས་པ་རྒྱལ་པོ་ཁྱེད་ཀྱི་ལུང་བཞིན་འགྲོ་བར་བྱེད། དེ་ལྟར་ནའང་བོད་བྱ་བ་མི་ཐུ་མོ་ཡིན་འདུག་པ་དང་། ཁོང་རང་གི་རྒྱལ་ཁྲིམས་ཀྱང་ཞིག རྒྱ་ཧོར་གྱི་ཁྲིམས་ནི་ཇི་བཞིན་མ་ཆགས། སོ་ཁ་རྣམས་ཀྱང་མ་ཚུགས་པར་ཡོད་འདུག་པས། ཡར་ཕྱིར་གྱི་མཐུན་རྐྱེན་སྦྱོར་བ་དང་། བྱ་བ་ཆེན་པོ་འགྲུབ་པ་ཇི་