[A:141]བྱས། བོད་བྱིངས་པོ་ལ་རྒྱལ་པོ་ཡོན་མཆོད་ཀྱི་བཀའ་ལུང་འཕྲོད། ས་སྐྱ་འཁོར། བོད་སྤྱི་སྒོས་ཀྱི་གནས་ལུགས་ཐམས་ཅད་ཁོང་དུ་ཆུད་ནས། རྒྱལ་པོའི་དྲུང་དུ་སླེབས། རྒྱུ་མཚན་རྣམས་ཞུས་པས་གོ་ཆོད་འདུག་གསུངས། གསོལ་རས་དང་། གནང་སྦྱིན་བཟང་པོ་སྦྱིན། སྭན་ཇིང་དབེན་གྱི། ཁྲིམས་དར་རྩ་བའི་དཔོན་ཆེན་དུ་བསྐོས། བོད་ཀྱི་འཇའ་མོ་རྣམས་གསར་བཙུགས་ཡིན་པས་འཇགས་པར་བྱེད་པའི་མི་གཅིག་བསྐོ་དགོས་པ་ཡོད་ཞུས་པས། མི་ཆེན་ཨི་ཇི་ལག་ཟེར་བ་ལ། བོད་འཇམ་ཤེས་པའི་འཇའ་ས་དང་། ཐོང་ཇི་ལས་བཀའ་གནང་ནས་ཡར་ལ་བཏང་།དེ་ནས་བཟུང་། ཧོར་ས་སྐྱ་བ་ཡོན་མཆོད་དུ་ཇི་ཙམ་སྦྲེལ་ཀྱི་བར་ལ། བོད་འཇམ་ཉི་ཤུ་རྩ་བདུན་པོ་དེ་བདེ་མོར་འཇགས་པས། བླ་མ་དཔོན་ཆེན། ཧོར་གྱི་གསེར་ཡིག་པ་རྣམས་ལ། འབྱོན་ལམ་བདེ་ཞིང་བོད་འབངས་བྱིངས་པོ་སྐྱིད་པར་བྱུང་སྐད། འདི་ནི་སེ་ཆེན་རྒྱལ་པོས་ས་སྐྱར་གསེར་ཡིག་པ་མངགས་པའི་སྔོན་མ་ཡིན་ཅིང་། སངས་རྒྱས་ཀྱི་བསྟན་པ་དང་། ས་སྐྱ་བ་ལ་ཤིན་ཏུ་དད་པའི་མི་དཔོན་བཟང་པོ་གཅིག་བྱུང་འདུག་པས། རྣམ་ཐར་ཟུར་ཙམ་བྲིས་པ་ཡིན། ཐོང་ཛི་ཨི་ཐི་ཇི་ལག་གིས་བོད་འཇམ་ཐོག་ཏུ་མ་སླེབས་གོང་ཧོར་རྒྱལ་པོ་འཇང་ཡུལ་ལ་དམག་ཐོག་ཏུ་བྱོན་དུས། མདོ་སྨད་ཀྱི་འཇའ་མོ་གཉིས། རྒྱ་འཇམས་ཀྱི་ཞོར་ལ། མར་ལ་བསྡུས་པས། རིམ་ཤུགས་རྒྱབ་པས། མདོ་སྟོད་ག་རེ། གོ་དཔེའི་འཇའ་མོ་གཉིས་དབུས་གཙང་པ་ལ་སྟག་སྐོར་ནས་གལ། ཁྲུམས་ཞིག་ནས་ལོ་ཤས་ནན་ལྟར་སྦྱོང་བ་ལ། ཐོང་ཇི་སླེབ་ནས། ག་རེ་གོ་སའི་འཇའ་མོ་གཉིས་པོ་སྔར་བཞིན་མདོ་སྟོད་པ་རང་ལ་ཁེལ་བས། ཐེང་ཛི་ཨི་ཇི་ལག་དེ་ཡང་དབུས་གཙང་ལ་དྲིན་ཆེ་བར་བྱུང་བར་གདའོ། །ཧོར་སེ་ཆེན་རྒྱལ་པོའི་དུས། བོད་ཁམས་བྱིངས་པོ་ལ་མི་བརྩི་དུད་