[A:142]གྲངས་བྱུང་བའི་དུས། མདོ་སྨད་ནས་ཡར་རྩིས་པར་འདུག་པས། ག་ཆུ་རབ་ཁ་ནས། ནང་སོ་ལ་གཏོགས་པའི་གཞིས་དང་། གྱང་གི་རྩ་དང་། བླ་བ་འཁར་དང་།དེའི་འོག་ན་དེམ་ཁང་གཞིས་བྱ་བ་ཡོད་པས། དེ་རྣམས་བླ་མ་འཕགས་པ་ལ། ས་ཕུད་དུ་ལུང་གི་ཕུལ་ནས། གན་འཇམ་ལ་སོགས་དང་། རྒྱ་བོད་ཀྱི་ཁྲལ་དུད་གང་ཡང་མི་འཁྲི་བ། གཙང་མར་ཡོད་པ་ལ། ཧོར་སོན་ལྔ་བརྒྱའི་ས་ཡིན་ཟེར་བར་འདུག ཧོར་དང་ས་སྐྱ་བ་ཡོན་མཆོད་དུ་འབྲེལ་ནས། འགོ་བའི་མགོན་པོ་ཆོས་རྒྱལ་འཕགས་པས། རྒྱ་ནག་ཏའི་ཏུའི་ཕོ་བྲང་དུ་ཐེངས་གསུམ་བྱོན། གོང་མ་སེ་ཆེན་རྒྱལ་པོ་ཡབ་ཡུམ་སྲས་བཅས་ལ། ས་སྐྱ་བའི་ཁྱད་ཆོས། རྒྱུད་གསུམ་གྱི་དབང་མོ་ཆེ་ཚར་གསུམ་བསྐུར་བའི་དབང་ཡོན་སྔ་མ་ལ། དབུས་གཙང་གི་ཁྲི་སྐོར་བཅུ་གསུམ་ཕུལ་བ་ནི། མངའ་རིས་རྫོང་ཁའི་འོག་གི གློ་དོལ་རྫོང་གསུམ་ཁྲི་སྐོར་གཅིག ལ་སྟོད་ལྷོ་བྱང་། ཆུ་ཞལ་རྣམས་རེ་རེ་བགྲངས་པ་ཁྲི་སྐོར་བཞི། སྦྲ་བེར་ཁྱུང་གསུམ་ཁྲི་གཅིག །ཡར་འབྲོག་ཚལ་པ་ཁྲི་སྐོར་གཉིས། །རྒྱ་འབྲི་གཡའ་ཕག་ཁྲི་སྐོར་བཞི། །ཟུར་ནས་བསྡུས་པའི་གཅིག་བྱུང་བ། །བྱ་ཡུལ་ཧོར་དུད་སྟོང་ཕྲག་གཅིག །འབྲུག་པ་ཧོར་དུད་དགུ་བརྒྱར་བྱེད། །སྟོང་དང་དགུ་བརྒྱ་ཕྱེད་ཁྱེར་དུ། ཁྲི་སྐོར་གཅིག་གི་བྱ་བ་བསྒྲུབས། །དེ་རྣམས་དྲིལ་བས་བཅུ་གསུམ་ཚང་། །དབང་ཡོན་བར་མ་ལ། བོད་ཆོལ་ཁ་གསུམ་ཕུལ་བ་ནི། མངའ་རིས་གུང་ཐང་ནས། སོག་ལ་སྐྱ་བོ་ཡན་དམ་པ་ཆོས་ཀྱི་ཆོལ་ཁ། སོག་ལ་སྐྱ་བོ་ནས་རྨ་ཆུ་ཁུག་པ་ཡན། མགོ་ནག་མིའི་ཆོལ་ཁ། རྨ་ཆུ་ཁུག་པ་མན། རྒྱ་མཆོད་རྟེན་དཀར་པོ་ཡན། དུད་འགྲོ་རྟའི་ཆོལ་ཁ་དང་གསུམ་ཡོད་དེ། མི་རྟ་ཆོས་གསུམ་གྱི་འབུལ་བའི་ལུགས་སུ་བྱས་ནས། ཕུལ་བ་ཡིན་པར་འདུག་ཅིང་། ཆོལ་ཁ་རེ་ལ་དཔོན་ཆེན་རེ་