R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 145
[A:145]གཉིས་གཅིག་ལས་གཅིག་བཟང་བའི་བློན་ཆེན་གཉིས་ཡོད་པའི་སྐབས་དེར། ཡང་རྒྱལ་པོས་བླ་མ་ལ། ད་བ་ཡན་འདི་སྨན་ཚེའི་ཕྱོགས་སུ་བཏང་ན་གསུངས་པ་ལ། དེ་འཕེར་བ་འདུག ངེད་ཀྱིས་དོན་འགྲུབ་པའི་ཐབས་དང་རྟེན་འབྲེལ་བྱེད་གསུངས་ནས། བལ་པོ་ཨེ་ནེར་དགའ་སྤྲུལ་པའི་ལྷ་བཟོ་བ་ལྟ་བུ་ལ་ཞལ་ཏ་མཛད། འཇུ་ཚུར་ལྷ་ཁང་དང་། ཆོས་སྐྱོང་མ་ཧཱ་ཀ་ལ་འཁོར་བཅས་ཀྱི་སྐུ་བཞེངས། རབ་གནས་བླ་མ་རང་གིས་མཛད། མགོན་པོའི་ཞལ་སྨན་ཚེ་ཕྱོགས་ལ་གཟིགས་སུ་བཅུག ལོབ་དཔོན་དམ་པ་ཀུན་དགའ་དེར། ཆོས་སྐྱོང་སྒྲུབ་པ་མཛད་པ་ལ་བསྐོས། བ་ཡན་ལ་ཆིང་སང་གྱི་མིང་དམ་ཁ་བྱིན་ནས། གྲོགས་ལ་རྒྱའི་རིགས་ཀྱི་བྱང་བི་ཐང་ཆུའི་ཕིང་ཆད་ཟེར་བའི་མཁས་པ་ཞིག་ཀྱང་བཏང་ཞིང་། ཆིང་སང་གི་འགོ་བྱས་ཧོར་དམག་བྱིངས་པོ་བརྫངས་ནས། སྨན་ཚེའི་རྒྱལ་ཁམས་ལོངས་ལ་ཤོག་གསུངས་པའི་ལུང་བྱུང་དུས། བ་ཡན་ཆིང་སང་གིས་ངེད་སྨན་ཚེར་སླེབས་ནས་དམག་པོ་ཆེའི་བྱ་བ་འདྲ་མི་འདྲ་ཐེ་ཚོམ་བྱུང་དུས། ཞུ་བ་གཏོང་དགོས་ཏེ། ངེད་ཀྱི་གསེར་ཡིག་པ་གོང་མའི་དྲུང་དུ་འགྲོ་བ་དང་། དེ་སྒུག་པའི་བར་དུ་དམག་གི་འགྲོ་འདུག་ཇི་ལྟར་བྱེད་ཞུས་པས། ཁོ་བདེན་པར་འདུག་ངའི་ལུང་ཡིན་གྱིས་ལ་ཁྱོད་རང་གི་ཐག་ཆོད་ལ། བྱ་བ་རྣམས་བསྒྲིགས་སུ་ཆུག་གསུངས་པའི་ལུང་ཐོབ་ནས་ཕྱིན་པས། ཆིང་སང་དམག་ལེགས་ནས། སྨན་ཚེ་རྒྱལ་པོའི་ཕོ་བྲང་ཡང་ཐོབ་ནས། རྒྱལ་ཁམས་བླངས་པས། ཐད་ཀ་ཐད་ཀར་མི་དཔོན་གྱི་བསྐོ་བཞག་བྱས། སྨན་ཚེ་རྒྱལ་པོའི་མུ་ཏིག་གི་གོས་གཅིག་དང་དམ་ག་རྒྱལ་བའི་རྟགས་བྱེད་ཟེར་ནས་ཆིང་སང་གིས་བཟུང་། གཞན་ཆ་རྐྱེན་བྱིངས་པོ་རྒྱལ་པོ་ལ་གདབ་ཏུ་བཏང་བའི་དུས་སུ། སྨན་ཚེའི་ས་ཕྱོགས་རྒྱུས་ཡོད་པའི་སྐྱེ་བོ་འགའ་རེས། མཁར་