R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 147
[A:147]བྱིན་བཏང་བའི་མི། ཆིང་སང་གིས་མི་འགྲིམ་དུ་མ་བཅུག་པ་དེ་རྣམས་ཀྱིས། བ་ཡན་གྱིས་སྨན་ཚེའི་རྒྱལ་པོའི་ཆ་རྐྱེན་ལ་རང་ནོར་བྱས། གན་མཛོད་པ་ལ་མ་གདབས། འཇའ་ས་བསྐོས་པའི་མི་འགྲིམ་དུ་མ་བཅུག་པར། ཁོ་རང་གིས་མི་རྣམས་ལས་ཀ་ལ་བསྐོས་ཟེར་ནས། གཏུག་གཤེར་བྱུང་བ་ལ་བ་ཡན་རང་ལ་དྲིས་གསུངས། བ་ཡན་བཟུང་ནས་ཕྱི་རོལ་ན་བཞག་ཡོད་པའི་དུས་སུ། ཨུ་ལུག་ནོ་ཡོན་གྱིས་གོ་ནས་ནང་དུ་བྱུང་ན། རྒྱལ་པོའི་དྲུང་དུ་འགྲོ་བ་ཆིང་སང་གས་མཐོང་ནས། ཨུ་ལུག་ཨན་ཏ་ཁྱོད་ཀྱིས་མ་གོ་བ་ཅི་ཡོད་བྱས་པས། ངས་གོ་ཟེར་ནས་གོང་མ་ལ་བ་ཡན་ཆིང་སང་། མི་ངན་པས་གཏུག་གཤེར་བྱས། ཁོང་བཟུང་ནས་གྱམ་བཅོས་འདུག བ་ཡན་མི་གཅིག་རང་རེས་གསོད་ཀྱང་སླ། རྩྭ་གཅིག་གཅོད་པ་དང་ཁྱད་ཅི་ཡོད་དེ། སྨན་ཚེའི་རྒྱལ་ཁམས་པ་རྣམས་ཀྱིས་རྒྱལ་པོ་ཁྱེད་ལ། འཕྱ་སྨོད་མི་ཡོང་ངམ་ཞུས་པས། དེ་བདེན་ཁོ་ཐོངས་གསུངས་ནས། ལས་ཀ་ཕབ་རང་གི་ཁང་པར་བསྡད་ཡོད་པའི་དུས་རེ་ཞིག་ན། བ་ཡན་གྱི་དམག་པོ་ཆེ་ཧོར་ཡུལ་ལ་འདེགས་པར་འདུག་ཟེར་ནས་འུར་ཆེན་པོ་བྱུང་ནས། བློན་པོ་རྣམས་སྐྲག་སྟེ་རྒྱལ་པོ་ལ་ཅི་དྲག་ཞུས་པས། ཁྱེད་རྣམས་གྲོས་གྱིས་གསུངས་པ་ལ། ཁོང་རྣམས་ཀྱི་གྲོས་བྱེད་རྒྱུ་མ་རྙེད་པར་རྒྱལ་པོ་ལ་བསྐྱར་ནས་ཞུས་པས། ཁྱེད་རྣམས་ཀྱིས་བྱ་ཐབས་མ་རྙེད་པ་ན། ཐབས་ཀྱིས་བ་ཡན་ལ་གྲོས་དྲིས་གསུངས་ནས་ཕྱིན་པས། ཆིང་སང་ན་རེ་ང་གོ་མ་ཆོད་པར་ལས་ཀ་ཕབ་ནས་བསྡད་པའི་མིས་ཅི་ཤེས།ཁྱེད་རང་རྣམས་ཤེས་མོད་ཟེར་བ་བྱུང་ནས། དེ་བཞིན་རྒྱལ་པོ་ལ་ཞུས་པས། གོང་མ་རང་གི་རྩར་བ་ཡན་བོས་ནས་གྲོས་དྲིས་པས། རང་རེའི་ཧོར་དམག་རྣམས་ཀྱི་སྟེང་དུ། མི་བཟང་པོ་བསྐོས་ཏེ། དམག་གིས་འཐབ་ན་ཐུབ་ཡོང་མོད་ཞུས་པས།