R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 11
[A:11]བདེའི་ཟས་ཀྱི་འཚོ་ཞིང་། ཚེ་ལོ་དཔག་ཏུ་མེད་པ་ཐུབ་པར་བྱུང་ངོ་། །དེའི་ཚེ་གཟའ་སྐར་དུས་ཚེས་ཕོ་མོའི་དབྱེ་བ་གང་ཡང་མེད་དོ། །དེར་མི་གཅིག་གིས་སའི་བཅུད་རོ་བཟང་པོ་དང་ལྡན་པ་ཞིག་རྙེད། དེ་མྱངས་པས་ཐམས་ཅད་རིམ་གྱི་ཁ་ཟས་ཟ་ཞིང་། སྒྱུ་ལུས་ལྕི་བ་དང་འོད་ཀྱང་ནུབ། ཉི་ཟླ་གཟའ་སྐར་དུས་ཚིགས་ཉི་ནུབ་ལ་སོགས་པ་བྱུང་ངོ་། །སའི་བཅུད་དེ་ནུབ་ནས་རིམ་གྱི་དམན་ཏེ། བདུད་རྩི་སའི་ཞག མྱུ་གུའི་ཚལ་མ་རྨོས་པའི་ལོ་ཐོག་བྱུང་བ་རྣམས་རིམ་པར་ཟོས་པས་ཕོ་མོའི་དབང་པོ་བྱུང་སྟེ། འཁྲིག་པ་སྤྱོད་པ་བྱུང་ངོ་། །དེ་ཡི་ངོ་ཚ་སྐྱོབས་པ་ལ་ཁང་པ་བྱུང་། དེའི་སྔོན་ལོ་ཐོག་ལ་གསོག་འཇོག་དང་དབང་རིས་མེད་ཅིང་། ནམ་དགོས་དུས་སུ་ལེན། བརྔས་མ་ཐག་སྐྱེ་བ་ལ་མི་གཅིག་གིས་གསོག་འཇོག་བྱས་པས། འབྲུ་ངན་ཅིང་ཕུབ་སོག་ཅན་དུ་གྱུར། གཅིག་གིས་མ་བྱིན་པར་བླངས་པས་ཀུན་བགྲོས་ནས་གཟུགས་དང་སྤྱོད་པ་ཕུན་སུམ་ཚོགས་པའི་མི་གཅིག་རྒྱལ་པོར་སྐོས། དེ་ལ་ཞིང་པ་ཀུན་གྱི་ལོ་ཏོག་གི་དྲུག་ཆ་རེ་ཕུལ་བས། རྒྱལ་པོ་སའི་དྲུག་ཆ་དབང་ཟེར་བ་དེ་ནས་བྱུང་ཞིང་། མང་པོས་བཀུར་བའི་རྒྱལ་པོ་ཞེས་བྱ་བར་གྲགས་ལ། ལྷོ་འཛམ་བུ་གླིང་པའི་རྒྱལ་པོའི་ཐོག་མ་ཡིན་ནོ། །མང་བཀུར་རྒྱལ་པོ་དེའི་ཡབ་ལྷ་ཆེན་པོ། དེའི་ཡབ་ལྷ་རྒྱལ་བ་ནས་ཡར་ལ། རིམ་པ་བཞིན། ལྷ་གཟིགས་ལྡན་བཀྲ་ཤིས། ལྷ་དབང་པོ་ལག་པ། འཁོར་བ་དུང་སྐྱོང་། དྲི་མེད་དཔུང་མཛེས། བཤད་ཅན་ནམ་བཤད་དང་བདུན་ནོ། །ཡར་འདེད་ཀྱི་ལྷ་བདུན་ཟེར་སྟེ། ལུང་གསལ་པོ་མི་འདུག་ནའང་། འདི་ནི་བསམ་གཏན་བཞི་པའི་གནས་ནས་ཆད་པ་ཡིན་ཟེར་རོ། །མང་པོས་བཀུར་བའི་བུ་རྒྱུད་རིམ་པ་བཞིན། འོད་མཛེས། དགེ་བ།དགེ་མཆོག གསོ་སྦྱོང་འཕགས་རྣམས་སྔོན་གྱི་རྒྱལ་པོ་སྡེ་ལྔའོ། །འདི་རྣམས་ཀྱི་