R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 161
[A:161]དེ་ནས་འཁོན་ལ་མི་ཆོས་ཀྱི་སྒོ་ནས། སྙན་གྲགས་ཆེ་བར་བྱུང་ངོ་། །དེ་ཉིད་ཀྱིས་རླངས་ཁམས་པ་ལོ་ཙཱ་བའི་ལྕམ་མོ་རླངས་བཟའ་སྣེ་ཆུང་ཁབ་ཏུ་བཞེས་པ་ལ་སྲས་འཁོན་ཀླུའི་དབང་པོ་བསྲུང་བ་དང་། གཅུང་རྡོ་རྗེ་རིན་ཆེན་བྱུང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། ཟ་ཧོར་གྱི་མཁན་པོ་བྷོ་དྷི་སཏྭ་སྤྱན་དྲངས། དེའི་དངོས་སློབ་བོད་ཀྱི་བཙུན་པ་ལ་སྔ་བ་སད་མི་མི་བདུན་དུ་གྲགས་པ་བྱུང་བས། རྒན་གསུམ་ནི། དབས་རཏྣ་རཀྵི་ཏ། རིན་ཆེན་བསྲུང་བ། བྷ་ཛྙཱནྟེ་རཀྵི་ཏ། ཡེ་ཤེས་དབང་པོ་བསྲུང་བ། རྟ་དབྱངས་སྤྲུལ་པར་བྱེད། རཏྣ་ནེ་ནྚེ་རཀྵི་ཏ་རིན་ཆེན་སྤྲུལ་པར་བྱེད། བར་པ་གཅིག་རླངས་ཁམས་ལོ་ཙཱ་བས་ཏེ། སུ་ག་ཏ། ཝརྨ་རཀྵི་ཏ། བདེ་བར་བཤེགས་པ་བསྲུང་བ་ཞེས་པའོ། །གཞོན་གསུམ་ནི་བ་གོར་བཻ་རོ་ཙ་ན་རཀྵི་ཏ། རྣམ་པར་སྣང་མཛད་བསྲུང་བ་དང་། འཁོན་ན་གེནྡྲ་རཀྵི་ཏ། ཀླུའི་དབང་པོས་བསྲུང་བ། གཙང་དེ་བེནྡྲ་རཀྵི་ཏ། ལྷའི་དབང་པོ་བསྲུང་བ་བྱ་བ་དེ་རྣམས་བྱོན་ཏེ། འཁོན་ཀླུའི་དབང་པོ་དེ་ཉིད་ནི། ལོ་ཙཱ་བ་གཞོན་གསུམ་གྱི་ནང་ནས། ཐུགས་རབ་ཤིན་ཏུ་ཆེ་ཞིང་དབའ་ཡེ་ཤེས་དབང་པོ་དང་། རང་གི་ཞང་པོའི་ཐད་དུ་སློབ་གཉེར་གསན་སྦྱོང་མཛད་པས། སྔགས་མཚན་ཉིད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་ཞིང་། སློབ་དཔོན་པདྨ་ལའང་རྡོ་རྗེ་ཕུར་པ་དང་། ཡང་དག་ལ་སོགས་མང་དུ་ཞུས་ནས། ཡེར་པའི་བྲག་ལ་སྒྲུབ་པ་མཛད། གྲུབ་པ་བརྙེས་སོ། །དེ་ནས་འཁོན་ལ་ལྷ་ཆོས་ཀྱི་ངོས་ནས་གྲགས་པ་ཤིན་ཏུ་ཆེ་བ་བྱུང་ངོ་། །དེའི་གཅུང་པོ་རྡོ་རྗེ་རིན་ཆེན་པས་ཀྱང་། སློབ་དཔོན་པདྨ་དང་རང་གི་གཅེན་ལ་དབང་དང་གདམ་ངག་མང་ཏུ་ནོད་དེ་མཁས་པར་གྲགས་ཤིང་། སློབ་དཔོན་པདྨའི་དངོས་སློབ། དཀྱིལ་འཁོར་གྱི་གཙོ་བོ་བརྒྱད་དུ་གྲགས་པའི་གསེབ་ཏུ་གཏོགས་