[A:160]དེའི་གཅེན་པོ་དྲུག་ཡབ་དང་བདུན། དམུ་ཐག་དང་དཔྱང་ཐག་ལ་ལྷ་ཡུལ་དུ་བྱོན། ཆུང་བ་དེས་ཐོག་ལྷ་འོད་ཆེན་གྱི་བུ་མོ། ཐོག་ཅན་འུར་མ་ཁབ་ཏུ་བཞེས་པ་ལ། སྲས་ཐོག་རྩ་དཔའ་བོ་སྟག་བྱུང་ངོ་། །དེས་ཀླུའི་བུ་མོ་ཀླུ་མོ་ལྕམ་གྲ་མ་ཁབ་ཏུ་བཞེས་པ་ལ། སྲས་ཀླུ་ཚ་ཏ་ཕོ་འོད་ཆེན་བྱུང་། དེ་དང་མོན་ཟ་མཚོ་རྒྱལ་བཤོས་པའི་སྲས་གཅིག་བྱུང་བ། དེ་གཡའ་དང་སྤང་གི་མཚམས་སུ་སྐྱེས་པས། མིང་གཡའ་སྤང་སྐྱེས་སུ་བཏགས་སོ། །དེ་རྟིང་སྲིན་པོ་སྐྱ་རེངས་ཁྲག་མེད་བྱ་བ་ལ། ཆུང་མ་གཡའ་འབྲུམ་སི་ལེ་མ་ཟེར་བའི་ཤིན་ཏུ་མཚར་བ་ཞིག་ཡོད་པས། སྐྱ་རེངས་ཁྲག་མེད་བསད། གཡའ་འབྲུམ་སི་ལེ་མ་ཕྲོགས་ནས། ཁབ་ཏུ་བཞེས་པ་ལ། སྲས་གཅིག་བྱུང་བ་དེ་སྲིན་པོ་དང་འཁོན་པའི་བར་དུ་སྐྱེས་པ་ལ། དེའི་མིང་འཁོན་བར་སྐྱེས་བྱ་བར་བཏགས་ཏེ། དེ་ནས་གདུང་རུས་འཁོན་ཞེས་བྱ་བར་གྲགས་སོ། །དེས་བཙན་བཟའ་ལྕམ་བུ་མོན་ཁབ་ཏུ་བཞེས་པ་ལ། སྲས་གཅིག་འཁྲུངས་ཏེ། དེ་ཉིད་ནི་མཐུ་དང་རྫུ་འཕྲུལ་ཆེ་བ། བློ་དང་རིག་པར་ལྡན་པ། གཟུགས་དང་། ལོངས་སྤྱོད་རྒྱས་པ། མཐོང་བ་ཙམ་གྱིས་ཡིད་འཕྲོག་པ། ཤིན་ཏུ་ངོ་མཚར་བ་ཞིག་བྱུང་བས། འདི་འདྲ་མི་ཡུལ་དུ་འབྱོན་པ་དཀོན་ཟེར་ནས། དཀོན་པ་རྗེ་ཁུང་སྟག་ཏུ་བཏགས་སོ། ཁྱེའུ་དེ་ཡབ་ཀྱིས་ཡུལ་གང་བཟང་བརྟག་ཏུ་བཏང་བས། སྙན་ཚེ་དར་གྱི་ཡ་ཆང་ལ་ཡུལ་གྱི་དགེ་བརྒྱད་ཚང་བར་གཟིགས་ནས། འཁོན་གྱི་ཡུལ་ལ་སྔ་བ་དེ་ཡིན་ནོ། །དེའི་དུས་སུ་བོད་ན་སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་བཞུགས་པས། དཀོན་པ་རྗེ་འདི་བློ་ཆེ་ཞིང་། འཇིག་རྟེན་གྱི་བྱ་བ་ལ་མཁས་པའི་དོན་གྱིས་བོད་རྒྱལ་པོའི་ནང་རྗེ་ཡུན་རིང་དུ་བྱས། དཔལ་འབྱོར་ཕུན་སུམ་ཚོགས་པ་བྱུང་བས། མིང་ལ་འཁོན་དཔལ་འབྱོར་ཆེར་གྲགས་ཏེ།