R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 165
[A:165]ལ་ཞུས་ཤིག་གསུངས་ནས། ཁོང་གི་དྲུང་དུ་ཕྱིན་པས་མཉེས་ཚོར་ཆེན་པོ་བྱས། ཡུལ་ནས་ཚོང་འཕྲུལ་བྱས་པའི་རྟ་བཅུ་བདུན་ཁལ་དང་བཅས་པ། རྩ་རིན་ལ་ཇོ་མོའི་ནོར་འཕྲེང་བཟང་པོ་ཞིག་ཁུར་ཡོད་པ། དེ་རྣམས་ཕུལ་ནས་གསུང་ངག་རིན་པོ་ཆེ་ཞུས་པས། རིམ་གྱིས་གནང་ཞིང་། གཞན་ཡང་གསར་འགྱུར་གྱི་ཆོས་ཕལ་ཆེ་བ་གསན་སྦྱོང་རྒྱ་ཆེན་པོ་མཛད་པས། ཆོས་ཀྱི་མངའ་བདག་ཆེན་པོར་གྱུར་ཏོ། །དེ་ནས་ཞང་ཡུལ་འཇག་གཤོངས་སུ། ཡབ་དང་གཅེན་གྱི་སྐུ་འབུམ་བཞེངས། དེའི་ནང་དུ་ཕུར་པ་བྱིན་རླབས་ཅན་ཅིག་ཀྱང་གཞུག ཕུར་པ་ཆ་གཅིག་གར་གཤེགས་སར་ཐུགས་དམ་ལ་བསྣམས། ཕྱིས་ས་སྐྱ་ན་ཡོད་ཟེར་རོ། །གཡའ་ལུང་ཆུ་སྐྱར་དུ་བཞུགས། བྲ་བོ་ལུང་པར་དགོན་ཆུང་ཞིག་བཏབ་ནས་ལོ་འགའ་བཞུགས། ས་སྐྱ་གོག་པོར་གྲགས་སོ། །དེའི་ཚེ་དཔོན་སློབ་འགའ་ཟུང་གིས་སྐྱོ་སངས་ལ་བྱོན་རི་རྩེ་ནས་གཟིགས་པས། འདིར་དགོན་པ་ཞིག་བཏབ་ན་སངས་རྒྱས་ཀྱི་བསྟན་པ་དང་། འགྲོ་བ་མང་པོ་ལ་ཕན་ཐོགས་པ་ཞིག་ཡོང་བ་འདུག་དགོངས་པ་བྱུང་ཏེ། ཇོ་བོ་གདོང་ནག་པ་ལ་ཞུས་པས་གནང་། ས་དེའི་སྒོས་ཀྱི་བདག་པོ་ཞང་ཞུང་གུ་ར་བ་བན་དེ་གྲོང་བཞི། ལྷ་མོ་གོང་བདུན་བྱ་བ་འདུག་པ་ལ། ས་ཆ་འདིར་ངེད་དགོན་ཆུང་ཞིག་བྱེད་པ་ལ། ཁྱེད་རྣམས་ལ་འགལ་མེད་ན་རིན་ཡང་འཇལ་བྱས་པས། རིན་ཡེ་མི་འཚལ་དགོན་པ་མཛད་པར་ཞུ་ཟེར་བ་ལ། འོན་ཀྱང་ཕྱིས་ཚུན་ཆད་འདི་འཐད་པ་ཡིན་གསུངས་ནས། རྒོད་མ་དཀར་མོ་གཅིག མོ་གོས་གཅིག ནོར་བུའི་ཕྲེང་བ་གཅིག ཁྲབ་གཅིག་རྣམས་ཀྱི་འགོ་བྱས་རིན་བཅལ། མོན་འབྲོག་ནས། བལ་འབྲོག་ཡན་གྱི་ས་དེ་བླ་མས་བདག་པར་བྱས་སྐད། བླ་མ་དེ་ཉིད་དགུང་ལོ་བཞི་བཅུ་བཞེས་པའི་དུས་སུ། ཐུབ་པ་ས་ཕོ་འབྲུག