[A:166]ལ་བལྟམས་ནས། མེ་མོ་ཕག་ལ་མྱང་ངན་ལས་འདས་རྟིང་། ལོ་སུམ་སྟོང་ཉིས་བརྒྱ་དང་བདུན་སོང་བའི་ཆུ་མོ་གླང་ལོ་ལ། དཔལ་ལྡན་ས་སྐྱའི་གདན་སའི་འགྲམ་བཏིང་། བླ་བྲང་ཤར་གྱི་ཆ་འདི་ལ། བླ་བྲང་གི་མཐིལ་མཛད། ལྕགས་རི་རྩ་བརྒྱད་དུ་བྱ་བ་ཞིག་ཡོད་དོ། །བླ་མ་དེ་ཉིད་ཀྱི་གདན་ས་ལོ་སུམ་ཅུ་བཟུང་ཞིང་། བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་ནས། དགུང་ལོ་དྲུག་ཅུ་རེ་དགུ་པ་ཆུ་ཕོ་རྟ་ལོ་དབྱུག་པ་ཟླ་བའི་ཚེས་བཅུ་བཞི་ལ་ཞི་བར་གཤེགས་སོ། །གདན་ས་ཆེན་པོ་འགྲམ་བཏིང་བའི། ཆུ་མོ་གླང་ལོ་དེ་ནས་ད་ལན་ཤིང་ཕོ་སྟག་གི་ལོ། སྲོག་སྨེ་བརྒྱད་དཀར་དབུས་ན་ཡོད་པ་འདི་ཡན་ལ། ལོ་སུམ་བརྒྱ་དྲུག་ཅུ་རེ་གཅིག་སོང་འདུག་གོ །བླ་མ་དཀོན་མཆོག་རྒྱལ་པོ་དེ་ཉིད་དགུང་ལོ་ང་དགུ་བཞེས་པའི་དུས།ཆུ་ཕོ་སྤྲེའུའི་ལོ་ལ། ཇོ་མོ་ཆུང་ཤོས་གུ་ར་བའི་སྲིང་མོ་ཞང་མོ་ལ་སྲས་ཤིག་འཁྲུངས་པ་ནི་ས་ཆེན་ཀུན་དགའ་སྙིང་པོ་ཞེས་བྱའོ། །དེའི་མཛད་པ་རྣམ་ཐར་རྒྱ་ཆེ་བ་ནི། རྣམ་ཐར་ཆེན་མོར་བལྟའོ། །དེའང་སྲས་འདི་འཁྲུངས་པ་ཡུམ་གྱིས་རེ་ཞིག་གསངས་ནས་ཡོད་པ་ལ། ཆེན་མ་རྡོ་རྗེ་ཕྱུག་མོས་ཚོར་ནས། འོ་སྐོལ་གྱི་གདུང་རྒྱུད་འདི་འཆད་དུ་ཕངས་པ་ལ། ཞང་མོ་ལ་སྲས་ཤིག་ཡོད་པར་གདའ་བ་ནན་ཏར་ལེགས། ང་ལ་གསང་མི་འཚལ། ད་ང་ལ་ནོར་མི་དགོས། བུའི་ཨ་མ་ལ་དགོས་པ་ཡིན་ཟེར་ནས། ས་སྐྱ་མདུན་གྱི་མཆོད་ཞིང་མ་གཏོགས། གཞན་ཐམས་ཅད་ཡུམ་སྲས་ལ་གཏད། གཞོན་ནུ་ཉིད་ནས་རིག་པའི་གནས་མཐའ་དག་ལ་སྦྱངས་ཤིང་། ཐོག་མར་ཡབ་ལ་དགྱེས་པ་རྡོ་རྗེའི་དབང་ཞུས། དེ་དག་གི་ཐུགས་ལ་མངའ་བའི་ཆོས་ཐམས་ཅད་ཞུས། དགུང་ལོ་བཅུ་གཉིས་ལོན་པ་དང་ཡབ་བདེ་བར་གཤེགས་ཏེ། རྩིས་བྱས་པས་གཤེགས་རྫོངས་བྱེད་པ་དང་། ཕྱི་རྟེན་འགྲམ་