[A:168]བར་གཤེགས་སོ། །དེ་ནས་བགྲེས་པོ་རྣམས་གྲོས་བྱས་ནས། ད་ཕ་ཆོས་ཤིག་བརྩད་བཅད་པ་དྲག་པ་འདུག་ཟེར། འཁོན་སྒྱི་ཆུ་བ་དགྲ་ལྷ་འབར་གྱི་དྲུང་དུ་བྱོན་པས། དབང་བསྐུར་ཞུས་པས། སྟ་གོན་གྱི་ནུབ་མོ་སྲིད་པའི་རྒྱ་མཚོ་ཡིན་ཟེར་བའི་ཆུ་ཆེན་པོ་དམར་མེ་རེ་བ་ཞིག་ལ་ཟམ་པ་གསུམ་འདུག་པའི་འགྲམ་ན། ང་སྒྲོལ་བར་ཞུ་ཟེར་བའི་མི་མང་པོ་འདུག་པ། ཟམ་པ་ཕྱི་མ་ལ་མི་གསུམ། བར་པ་ལ་མི་བདུན། ཉེ་བ་དེ་ལ་མི་མང་པོ་ཞིག་སྒྲོལ་བ་རྨིས། ཅུང་སྙེལ་ནས་ཉི་མ་གཅིག་ལ་སྙེལ་བ་གསོ་བ་སྙམ་བྱེད་ཙ་ན། མནལ་སད། ནང་པར་རྨི་ལམ་འདི་འདྲ་བྱུང་ཞུས་པས། བླ་མའི་ཞལ་ནས་ཁྱོད་ཀྱི་མཁོས་ཁས་མི་གསུམ་ལས་གང་ན་སྒྲོལ་གསུངས། ཞལ་ཀུར་ཡང་མཛད། དེ་ནས་བླ་མ་དེ་ཉིད་ཀྱིས་དབང་བསྐུར། རྒྱུད་ལུང་མན་ངག་ཐུགས་ལ་མངའ་ཚད་རྫོགས་པར་གནང་། འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་ནས། ཆོས་ཐམས་ཅད་ཚར་རེ་གསན་པ་དང་ཐུགས་སུ་ཆུད་པ་བྱུང་སྐད་དོ། །བླ་མ་སྒྱི་ཆུ་བ་ཞི་བར་གཤེགས་དུས། ཞལ་ཆེམས་ལ། ཀུན་དགའ་སྙིང་པོ་ཁྱོད་རབ་ཏུ་བྱུང་ལ་འཁོན་ཚོའི་སྡེ་འདི་སྐྱོངས་གསུངས་པ། བཞག་པ་ཡང་འདུག་པ་བཞིན། རབ་ཏུ་བྱུང་དགོངས་པ་ལ། བླ་མ་གནམ་ཁའུ་བའི་ཞལ་ནས།བླ་མ་མཉམ་པོའི་ནང་ནས་ཁོང་གཤིན་པོ་ལས། ང་གསོན་པོའི་ངག་ལ་ཉོན། ཁྱོད་རབ་ཏུ་མ་བྱུང་ན་སེམས་ཅན་ལ་པན་ཆེ་བར་འདུག་གསུང་ནས་མ་གནང་། རབ་ཏུ་མ་བྱུང་ཀྱང་འཁོན་ཚོའི་དཔོན་མཛད། ཡང་གུང་ཐང་ན་ལ་རྩེ་གནས་སར་དུ།བླ་མ་མལ་ལོ་ཙཱ་བ་ལ་ཆོས་ཞུས། བླ་མས་མགོན་པོའི་རྗེས་གནང་སྒྲུབ་ཐབས་ལས་ཚོགས་ཚང་མ་གནང་། དེའི་རྟེན་དུ་བསེ་འབག་ནག་པོ་འགྲོ་ཤེས་དང་། དར་ནག་ལ་གྲི་ཁྲག་གིས་རྩ་སྔགས་བྲིས་པ། ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་གཅིག་དང་