R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 169
[A:169]བཅས་ཏེ། ཆོས་སྐྱོང་ལ་མི་ལབ་པ་བཞིན་དུ། ད་ང་ན་སོ་རྒས་པ་ལ་ཁྱོད་མི་དགོས། ཁྱོད་རང་འཁོན་ས་སྐྱ་བའི་རྗེས་ལ་སོང་ཞིག་གསུངས་ནས་བརྫངས་པ། དེ་ཕྱིན་ཆད་ས་སྐྱ་པའི་ཆོས་སྐྱོང་གུར་མགོན་ལ་བྱེད་པ་བྱུང་བ་ཡིན་ནོ། །བླ་མ་ཞང་སྟོན་ཆོས་འབར་ལ་གསུང་ངག་རི་པོ་ཆེ་ཞུས། བླ་མ་གནམ་ཁའུ་པ་ལ་ཆོས་སྐྱོང་ཞལ་བཞི་པའི་སྒྲུབ་ཐབས་ཆ་ལག་ཚང་མ་ཞུས། དེ་ནས་ས་སྐྱ་པའི་ཆོས་སྐྱོང་ཆེ་ཆུང་དུ་གྲགས་པ་བྱུང་ངོ་། །བླ་མ་ས་ཆེན་འདི་ཉིད་ཀྱིས་གདན་ས་ལོ་ཞེ་བརྒྱད་བཟུང་བའི་དགུང་ལོ་དྲུག་ཅུ་རྩ་བདུན་པ་ས་ཕོ་སྟག་གི་ལོ། ཐ་སྐར་ཟླ་བའི་དཀར་ཕྱོགས་ཚེས་བཅུ་བཞིའི་དུས་སུ། གཡས་རུ་སྐྱ་བོའི་ཁ་གདངས་སུ་ཞི་བར་གཤེགས་སོ། །དེའི་དུས་སུ་ཀུན་གྱི་མཐུན་སྣང་གྲུབ་པར། བདེ་བ་ཅན་དང་། པོ་ཏ་ལ་དང་། ཨུ་རྒྱན་དང་། བྱང་ཕྱོགས་གསེར་མདོག་ཅན་རྣམས་སུ་གཤེགས་པའི་སྐུའི་བཀོད་པ་བཞི་བསྟན་པར་གྲགས་སོ། །བླ་མ་དེ་ཉིད་ཀྱི་ཇོ་མོ་ཆུང་བ། ཇོ་ལྕམ་ཕུར་མ་ལ། ཐོག་མར་སྲས་ཀུན་དགའ་འབར་འཁྲུངས། གཞོན་ནུ་ལ་རྒྱ་གར་དུ་བྱོན། མ་ག་དྷར། རིག་པའི་གནས་ལྔ་ལ་མཁས་པར་གྱུར་ནས། བོད་ལ་འབྱོན་ཁར་ཚད་པའི་སྙུང་གཞིས་དགུང་ལོ་ཉི་ཤུ་རྩ་གཉིས་པ་ལ་མ་ག་དྷར་ཞི་བར་གཤེགས་སོ། །ཇོ་མོ་ཆེ་བ་ཚ་མོ་རོང་པ། མ་གཅིག་འོད་སྒྲོན་མའི་སྲས་ཆེ་བ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། ཡབ་དགུང་ལོ་ང་བཞི་པའི་དུས་སུ་ཆུ་ཕོ་ཁྱི་ལོ་ལ་སྐུ་འཁྲུངས་ཏེ། སྐུ་བལྟམས་པ་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པའི་བློ་གྲོས་དང་ལྡན་པ་ཞིག་གོ། དགུང་ལོ་ཞེ་གཅིག་པ་ཆུ་ཕོ་སྟག་གི་ལོ་སྨལ་པོ་ཟླ་བའི་ ཚེསཚེ་བཅུ་གཅིག་ལ་ཞི་བར་གཤེགས་སོ། །བར་པ་རྗེ་བཙུན་གྲགས་པ་རྒྱལ་མཚན་ནི། ཡབ་དགུང་ལོ་ང་དྲུག་པའི་དུས། མེ་མོ་ཡོས་ལོ་སྨལ་པོ་ཟླ་བའི་ཚེས་བརྒྱད་ལ་སྐུ་