[A:170]འཁྲུངས་ཏེ། བཟོད་པ་ཐོབ་པའི་རྒྱལ་བ་ཡིན་ཅིང་། དབུ་རྩེ་རྙིང་མ་བཞེངས། རྒྱས་པར་རྣམ་ཐར་ཆེན་མོར་བལྟའོ། །གདན་ས་ལོ་ཞེ་ལྔ་མཛད། དགུང་ལོ་བདུན་ཅུ་པ་མེ་ཕོ་བྱི་ལོ་ཁྲ་ཟླ་བའི་ཚེས་བཅུ་གཉིས་པ་བདེ་བ་ཅན་དུ་གཤེགས་སོ། །གཅུང་པོ་ཆུང་བ་དཔལ་ཆེན་འོད་པོ་ཅི་ཡབ་དགུང་ལོ་ང་དགུ་པ། ལྕགས་ཕོ་རྟ་ལོ་སྨིན་དྲུག་ཟླ་བའི་ཉི་ཤུ་ལྔ་ལ་འཁྲུངས་ཏེ། ང་བཞི་བཞེས་པ་ཆུ་མོ་ཕག་ལོ་ཟླ་བ་ལྔ་པའི་ཉི་ཤུ་གཅིག་ལ་བདེ་བ་ཅན་དུ་གཤེགས་སོ། །བླ་མ་དེའི་ཇོ་མོ་མ་གཅིག་གར་ཕུ་མ་ཉི་རི་ལྕམ་ལ། སྲས་ཆེ་བ་ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ཡབ་དགུང་ལོ་སོ་གསུམ་བཞེས་པའི་དུས་ཆུ་ཕོ་རྟ་ལོ་ཁྲ་ཟླ་བའི་ཉི་ཤུ་དྲུག་ལ་སྐུ་འཁྲུངས་ཏེ། གཞོན་ནུ་ཉིད་ནས་ཡབ་མེས་ཀྱི་ཆོས་ལུགས། མ་ལུས་པར་མཁྱེན་ཅིང་། དགུང་ལོ་ཉི་ཤུ་རྩ་ལྔ་ལོན་པའི་མེ་ཕོ་སྟག་ལོ་ལ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། འཁོར་པཎ་ཆུང་མང་པོ་དང་བཅས་པ་བོད་དུ་བྱོན་དུས། མྱང་སྨད་རྒྱན་གོང་གི་གཙུག་ལག་ཁང་དུ། པཎ་ཆེན་གྱིས་མཁན་པོ་མཛད།སྤྱི་བོ་ལྷས་པས་སློབ་དཔོན་མཛད། ཞུ་འཕྲེང་བས་གསང་སྟེ་སྟོན་པ་མཛད་ནས། རྒྱ་བོད་ཀྱི་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་ཡང་དེ་ལྟར་རོ། །བླ་བྲང་ཤར། ཤར་པ་ཤེས་རབ་འབྱུང་གནས་ལ་གནང་། བཞི་ཐོག་བླ་བྲང་བཏབ། ཁ་ཆེ་པཎ་ཆེན་ལ་སོགས་པ་མཁས་གྲུབ་མང་པོ་བསྟེན། རིག་པའི་གནས་ལྔ་ལ་ཕུལ་དུ་ཕྱིན་ནས། སྐྱིད་གྲོང་དུ་འཕྲོག་བྱེད་དགའ་བོ་ལ་སོགས། མུ་སྟེགས་ཀྱི་སྟོན་པ་དྲུག་བཏུལ། འཁོར་བཅས་རབ་ཏུ་བྱུང་ནས། ནང་པའི་བསྟན་པ་ལ་བཙུད། ཆོས་ཀྱི་མངའ་བདག་ཆེན་པོར་གྱུར། དགུང་ལོ་དྲུག་ཅུ་རེ་གསུམ་བཞེས་པ་ཤིང་ཕོ་འབྲུག་ལོ་ལ། ཧོར་གྱི་རྒྱལ་པོ་ཨེ་ཆེན་གོ་