R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 171
[A:171]དན་གྱིས་གདན་འདྲེན་ལ་རྡོ་ཐ་ཆེ་བྱ་བ་མངགས་བྱུང་དུས། བླ་མས་དགོངས་པ་གཏད། རྟེན་འབྲེལ་རྟགས་པས། དང་པོར་ཁུ་བོ་རྗེ་བཙུན་ཆེན་པོའི་གསུངས་ནས། ཁྱོད་ལ་དུས་ནམ་ཞིག་ཤར་ཕྱོགས་ནས་གདན་འདྲེན་འདི་ལྟ་བུ་ཞིག་ཡོང་།དེའི་དུས་ཐེ་ཚོམ་མེད་པར་སོང་ཞིག་བསྟན་པ་དང་འགྲོ་བའི་དོན་ལ་ཕན་པར་ཡོད་དོ་གསུངས་པའི་ལུང་བསྟན་གནང་བ་ཐུགས་ཀྱིས་ཟིན་ཏེ། ས་སྐྱར་ཆོས་དཔོན་ལ་བླ་མ་འུ་ཡུག་པ་བསོད་ནམས་སེང་གེ་དང་། ཤར་པ་ཤེར་འབྱུང་། གདན་སའི་བརྗིད་འཁུར་བ་ལ་བཞག ནང་གཉེར་བ་གྲོམ་པ་ཤཱཀྱ་བཟང་པོ་བསྐོས་ནས། བླ་མའི་ཕྱག་ཕྱིར་དབོན་ཆེན་འཕགས་པ་དང་། ཕྱག་ན་གཉིས་ཀྱང་སྐུ་གཞོན་ནུ་ལ་ཁྲིད་ནས་བྱོན། ལམ་ལ་ལོ་གསུམ་འགོར། བྱང་ངོས་སུ་རྟའི་ལོ་གཞུག་ལ་ཕེབས། རྒྱལ་པོས་གོ་ཡུག་རྒྱལ་སར་བཏོན་པའི་མཇལ་འཕྲད་འཁོར་བ་དང་། ལུག་ལོ་ལ་ཡོན་མཆོད་མཇལ་ནས་གནམ་མཆོད་པའི་རྒན་པ་ཐོབ། རྒྱལ་པོའི་བླ་མ་དང་སངས་རྒྱས་ཀྱི་བསྟན་པ་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པ་མཛད། ཧོར་ས་སྐྱ་པ་འབྲེལ་བའི་སྔ་མ་ཡིན་ནོ། །བླ་མ་འདིས་གདན་ས་ལོ་སོ་ལྔ་མཛད། དགུང་ལོ་བདུན་བཅུ་པ་ལྕགས་མོ་ཕག་ལོ། སྨལ་ཟླ་བའི་ཚེས་བཅུ་བཞི་ལ། ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ། བྱང་ངོས་སྤྲུལ་པ་སྡེའི། ལྷ་ཁང་དུ་བདེ་བར་གཤེགས་སོ། །དེ་ན་སྐུ་འབུམ་མཆོད་པའི་རྒྱུན་དང་བཅས་པ་ཡང་བཞུགས་སོ། །བླ་མ་དེའི་གཅུང་སློབ་དཔོན་ཆེན་པོ་ཟངས་ཚ་བསོད་རྒྱལ་ནི། ཡབ་དགུང་ལོ་ཞེ་ལྔ་པའི་དུས་ཤིང་ཕོ་འབྲུག་ལོ་ལ་སྐུ་འཁྲུངས། ཁོང་རང་གི་མདའ་རྒྱང་ལ་ཚད་མཛད་པའི་དན་གྱི་ལྕགས་རི་བཏབ་རྒྱལ་སྒོ་བཅུག ལྔ་བཅུ་རྩ་དྲུག་པ་ས་མོ་ཕག་ལོ་ལ་སྟོད་ཀྱི་པ་རི་རུ་སྐུ་གཤེགས་སོ། །དེས་ཇོ་མོ་ལྔ་ཁབ་ཏུ་