[A:172]བཞེས་པ་ལ། རིགས་ཀྱི་སྲས་ཕོ་བཞི་དང་། སྲས་མོ་བཞི་འཁྲུངས་པའི་ཐོག་མར། མ་ཅིག་ཀུན་སྐྱིད་ལ་སྲས་གཉིས་ཀྱི་ཆེ་བ། བླ་མ་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་བ། ཡབ་དགུང་ལོ་ང་གཉིས་པའི་དུས། ཤིང་མོ་ལུག་ལོ་ཟླ་བ་གསུམ་པའི་ཚེས་དྲུག་ལ་སྐུ་འཁྲུངས། འདི་ཉིད་ནི་དང་པོ་ཉིད་ནས་སྦྱངས་པ་དང་། སྐྱེས་སྟོབས་ཀྱི་ཤེས་རབ་དཔག་ཏུ་མེད་པ་མངའ་བས། གཞོན་ནུ་ཉིད་ནས་སློབ་གཉེར་གསན་སྦྱོང་མཛད་པས། གང་ལའང་མཐོང་བ་ཙམ་གྱིས་མཁྱེན་པ་ཁོ་ན་བྱུང་། ཐམས་ཅད་ཀྱིས་འདི་ལྟ་བུ་ཁྱད་འཕགས་ཟེར། མཚན་ཡང་འཕཊ་པ་ཞེས་སུ་གྲགས་པ་ཡིན་ལ། དགུང་ལོ་བཅུ་པའི་དུས་སུ། ཆོས་རྗེ་ས་པཎ་གྱི་ཕྱག་ཕྱིར་བྱང་ངོས་ལ་བྱོན་པའི་ལམ་དུ་ཟུལ་ཕུར་ཆོས་རྗེས་མཁན་པོ་དང་། ཟུལ་ཕུ་མཁན་ཆེན་ཆོས་ཀྱི་བྱང་ཆུབ་པས། སློབ་དཔོན་མཛད་ནས་རབ་ཏུ་བྱུང་། བྱང་ངོས་སྤྲུལ་པ་སྡེར། །ཁུ་དབོན་པ་ཕེབས་དུས། སེ་ཆེན་རྒྱལ་པོའི་ལུང་གིས་བྱང་ངོས་ན། ས་སྐྱ་བླ་མ་བྱ་བ་ཁྱད་འཕགས་སླེབ་ཡོད་འདུག་པ། ངེད་ཀྱི་བླ་མཆོད་བྱེད་དགོས་གསུངས་པ་བྱུང་ནས། ཆོས་རྗེ་པ་སྐུ་ནས་བགྲེས་པས་མ་བྱོན། བླ་མ་འཕགས་པས་རྒྱ་ནག་ཏུ་བྱོན། སེ་ཆེན་རྒྱལ་པོ་དང་མཇལ་བས་ཤིན་ཏུ་མཉེས་ཏེ། ཧོར་གྱི་རྟ་པ་བརྒྱ་སྐོར་གཅིག་བྱང་ངོས་ལ་ཕྱིན་ནས་ས་སྐྱ་པ་དང་ཡོན་མཆོད་དུ་འབྲེལ། བླ་མའི་བརྟག་པ་མཛད་རིན་དང་། བྱང་ངོས་སུ་ཆོས་རྗེ་པ་བདེ་བར་གཤེགས་པའི་དགོངས་པ་རྫོགས་ཐབས་སྒྲུབ་པ་ལ་སོགས་པ་རྒྱ་ཧོར་གྱི་ཡུལ་དུ། ལོ་མང་བར་བཞུགས། དགུང་ལོ་ཉེར་གཅིག་པ་ཤིང་མོ་ཡོས་ལོ་ཟླ་བ་ལྔ་པའི་ཚེས་བཅུའི་ཉིན། རྒྱ་ཡུལ་གྱི་ཧེ་ཙེ་ཧུ་དང་ཉེ་བའི་སར། ཕྱྭ་པ་ཆོས་ཀྱི་སེང་གེས་ཐོག་དྲངས་པའི་མཁན་སློབ་གསང་སྟོན་དད་དགེ་ལ་སོགས་པ་བཟང་ལ་མང་བའི་དབུས་སུ་