[A:176]གཉེར་གྱི་འཕྲོ་རྣམས་ཤར་པ་ཡེ་རིན་ལ་གཏུགས། བཅུ་བཞི་པ་ལ་གོང་དུ་བྱོན་རྟེན་དགེ་བསྙེན་ཡིན་ཡང་། བླ་མའི་གདན་ས་ལྟ་བུར་མཛད། སེ་ཆེན་རྒྱལ་པོ་ལ་ཞུས་ནས། བླ་མ་འཕགས་པའི་སྐུ་གདུང་རིང་སྲེལ་བཞུགས་པའི་ཤེལ་གྱི་མཆོད་རྟེན་ཆེན་པོ་དང་། དེ་བཞུགས་པའི་མེ་ཏོག་ར་བའི་སྡེ་ཆེན་པོ་བཞེངས། རྟིང་ལ།རྒྱལ་པོ་ཇི་བིག་ཐི་མུར་གྱི་སྲས་མོ། དཔལ་ལྡན་ས་སྐྱར་གནང་། ལོ་ལྔ་བཞུགས་བླ་མཆོད་ལ་བསྐོས་ནས། ཡར་བྱོན་མདོ་ཁམས་སུ་ཕེབས་ཤིང་། འདིའི་གདན་ས་ལོ་བདུན་མཛད། དགུང་ལོ་ཉི་ཤུ་པ་མེ་མོ་ཕག་ལོ་སྨལ་ཟླ་བའི་ཚེས་བཅོ་བརྒྱད་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ། མདོ་ཁམས་ཏེ་མཎྜལ་དུ་ཞི་བར་གཤེགས་སོ། །འདིའི་ཇོ་མོ་སྟག་འབུམ་ལ་སྲས་དྷརྨ་བྷ་དྲ་འཁྲུངས་གཞོན་ནུ་ལ་སྐུ་གཤེགས་སོ། །བླ་མ་ཡེ་ཤེས་འབྱུང་གནས། དགུང་ལོ་ཉེར་ལྔ་པ་ཆུ་ཕོ་ཁྱི་ལོ་ལ་ལུང་ནག་གཉེར་པ་དཔལ་རིན་གྱི་གཞི་པ་ཆོས་རིན་སྐྱིད་ལ་བླ་མའི་སྲས་གཅིག་འཁྲུངས་པ་ནི། བདག་ཉིད་ཆེན་པོ་བཟང་པོ་དཔལ་བ་དེ། སྐྱེས་སྟོབས་ཀྱི་ཐུགས་རབ་ཕུན་སུམ་ཚོགས་པ་མངའ་ཡང་། སྐུ་གཞོན་ནུའི་དུས་སུ་སློབ་གཉེར་ལ་སོགས་པ་མཛད་རྒྱུ་ཆེར་མ་བྱུང་། སྨན་ཚེའི་ཡུལ་ལ་སོགས་སུ་ཡུན་རིང་པོ་འབྱོན་དགོས་པ་བྱུང་བས། དྷརྨ་ཕ་ལ་རཀྵི་ཏ་སྐུ་གཤེགས་ནས། ལོ་བཅོ་བརྒྱད་ཀྱི་བར་ལ་རྒྱུད་དྲི་མ་མེད་པ་དང་། འཕྲིན་ལས་དབྱེར་མེད་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་པས་གདན་ས་མཛད། འཆད་ཉན་སྒོམ་སྒྲུབ་གཞན་ཕན་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད། ཅེས་གྲགས་སོ། །ཕྱིས་ཁང་གསར་ཏི་ཤྲི་སངས་རྒྱས་དཔལ་བས། བླ་མའི་དབུ་འདོན་གོང་དུ་ཞུ་བ་ལེགས་པ་ལ་བརྟེན་ནས། ཨོ་ཇ་དུ་རྒྱལ་པོས་བླ་མ་བདག་ཉིད་ཆེན་པོ་གདུང་རྒྱུད་དུ་མངའ་གསོལ། ངའི་བླ་མའི་