R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 177
[A:177]གདུང་འཆད་དུ་ཕངས་པས་དབུས་གཙང་དུ་བྱོན་ལ། གདུང་རྒྱུད་འཕེལ་བ་གྱིས་གསུངས་པའི་ལུང་གནང་བས། ཐོག་མར་མ་ཅིག་ཧོར་མོ་ལ་སྲས་སློབ་དཔོན་བསོད་ནམས་བཟང་པོ། ལྕགས་མོ་ཡོས་ལོ་ལ་སྐུ་འཁྲུངས་པ། སྐུ་གཞོན་དུས་བྱང་ངོས་སུ་གུའི་གུང་མཛད། དེ་རྟིང་གོང་མ་ཨ་ཡུ་པར་པ་ཏ་གེ་གན་རྒྱལ་པོས། པའེ་ལེན་དབང་གི་མཚན་དང་། སྲས་མོ་དཔོན་མོ་བུདྡྷ་གན་གནང་། ཡར་བྱོན་མདོ་ཁམས་སུ་སྐུ་གཤེགས་སོ། །འདི་ལ་ལྕམ་མོ་གཅིག་ཀྱང་བྱུང་ངོ་། །བླ་མ་བདག་ཉིད་ཆེན་པོས་དབུས་གཙང་དུ་ཕེབས་ནས་རྒྱལ་པོའི་ལུང་བཞིན། ཇོ་མོ་ལྔ་ཁབ་ཏུ་བཞེས་ཤིང་། གདུང་རུས་གཅིག་པའི་གདན་ས་འཛིན་མཁན་གཞན་མེད་པའི་དོན་གྱིས། ཡབ་མེས་ཀྱི་ཆོས་ལུགས་རྣམས་ལའང་གསན་སྦྱོངས་མཛད། བླ་མ་འཕགས་པ་དང་དྷརྨ་ཕ་ལའི་ཕྱི་རྟེན་བཞུགས་སའི་གསེར་ཐོག་གཡུ་ཐོག་དང་།ལྷ་ཁང་ཆེན་མོའི་ཐིགས་ཁང་དུ། དཀྱིལ་འཁོར་མི་གཅིག་པ་དྲུག་བརྒྱ་ཉི་ཤུ་རྩ་དགུ་འབྲི་བ། ཤིང་མོ་ལུག་ལོ་ལ་ཕྱིའི་ལྕགས་རི་ཆེན་མོ་གཅོད་པ་ལ་སོགས་པའི་ཞལ་བཀོད་མཛད་ཅིང་། བསྟན་པ་དང་རྒྱལ་ཁམས་གདན་སའི་ཕྱིས་སུ་མཛད་པའི་འཕྲིན་ལས་རྒྱ་ཆེན་པོ་མཛད། གདན་སའི་དཔལ་འབྱོར་ཡང་འདིའི་རིང་ལས་ཆེ་བ་མ་བྱུང་ཟེར་བ་འདུག་ཅེས་གྲགས་སོ། །བླ་མ་འདིའི་ལྷ་ཁང་བླ་བྲང་དུ་ལོ་བཅོ་ལྔ་བཞུགས། བུ་ཡན་དུ་རྒྱལ་པོས། གུ་ཤྲི་གནང་། བཞི་ཐོག་ཏུ་བཞུགས། གདན་ས་ལོ་ཞེ་ལྔ་ནས། རེ་གསུམ་གྱི་བར་དུ་ལོ་བཅུ་དགུ་མཛད། རེ་གསུམ་པ་ཤིང་ཕོ་བྱི་ལོ་ལ། བཞི་ཐོག་གཟིམ་ཁང་དུ་ཞི་བར་གཤེགས། བླ་མ་འདི་ཉིད་ལ་སྲས་ཡོངས་སུ་གྲགས་པ་དགུ གཞོན་ནུ་ལ་གཤེགས་པ་བཞི། སྲས་མོ་གཉིས་རྣམས་བྱོན་པ་གོང་དུ་སྨོས་པའི་བསོད་ནམས་བཟང་པོ་ལྕམ་སྲིང་གཉིས། བོད་དུ་