[A:175]དཔོན་མ་ཅིག་མེ་ཏོག་བྱ་བ་སྐུ་འཁྲུངས་སོ། །ཡང་གུང་ཐང་བཙད་པོའི་སྲས་མོ་ལྷ་ཅིག་མཛེས་མ་ལ། སློབ་དཔོན་མ་བསོད་ནམས་འབུམ་པ་དང་། ཉི་མ་འབུམ་འཁྲུངས་ཏེ། ཆེ་བས་རབ་བྱུང་མཛད། ཇོ་མོ་གླིང་བཏབ་བཙུན་མའི་སྡེ་བཙུགས་སོ། །ལྷ་ཅིག་མཛེས་མའི་ཉེ་གནས་མ་ཇོ་མོ་རྡོ་རྗེ་གདན་ལ། སློབ་དཔོན་ཡེ་ཤེས་འབྱུང་གནས་འཁྲུངས་པ་ཡབ་དགུང་ལོ་སོ་གཅིག་པའི་དུས་ས་ཕོ་ཁྱི་ལ། སློབ་དཔོན་རིན་ཆེན་དང་དུས་མཉམ་དུ་འཁྲུངས་ཏེ། བླ་མ་ཤར་པ་ཆེན་པོ་སྐུ་མཆེད་པ་ལ་སློབ་གཉེར་མཛད། ཡོན་ཏན་དུ་མ་དང་ལྡན་ཞིང་།
མཁན་པོ་ཤར་ལག་ཟུགས་པར་གྲགས།
ཕྱིས་རྒྱལ་པོ་ཧུ་དཀར་ཆེའི་བླ་མཆོད་མཛད། ལྗང་ཡུལ་དུ་བྱོན། དགུང་ལོ་སོ་བདུན་པ་ཤིང་ཕོ་ཁྱི་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་ལ་མདོ་ཁམས་སུ་བདེ་བར་གཤེགས་སོ། །ཡང་ཇོ་ལྕམ་ཧོར་མོ་ལ། སློབ་དཔོན་མ་རིན་ཆེན་འབྱུང་གནས་འཁྲུངས་སོ། །དེ་རྣམས་ཟངས་ཚ་བསོད་རྒྱལ་གྱི་སྲས། ལྕམ་སྲིང་བརྒྱད་ཡིན་ནོ། །སློབ་དཔོན་ཕྱག་ན་ལ་ཇོ་མོ་ཞ་ལུ་མ་ནམ་མཁའ་འབུམ་བྱ་བ་ཡོད་པ་ལ། ཕྱག་ན་རང་བདེ་བར་གཤེགས་ནས། ཟླ་བ་དྲུག་སོང་བ་དང་ས་ཕོ་འབྲུག་ལོ་ཟླ་བ་དང་པོ་ལ་སྲས་བདག་ཉིད་ཆེན་པོ་དྷརྨ་ཕ་ལ་རཀྵི་ཏ་སྐུ་འཁྲུངས་ཏེ། འཕགས་པས་ཞལ་ལྟ་མཛད། དེའི་བར་ཆད་བསྲུང་བའི་ཕྱིར་དུ་ཤིང་ཁང་བླ་བྲང་བཞེངས། དེའི་ཞབས་ཏོག་ལ་ཞ་ལུ་བས། ཞ་ལུ་ཁང་གསར་བཞེངས་ནས་ཕུལ་བ་ལགས་སོ། ཁུ་བོས་ཐུགས་གཙིགས་ཤིན་ཏུ་ཆེ་བར་མཛད་ཅིང་། འཕགས་པའི་ཡོན་ཏན་བུམ་པ་གང་བྱོ་གནང་། མཛད་པ་འཕྲིན་ལས་ཐམས་ཅད་ཁུ་དབོན་དབྱེར་མི་ཕྱེད་ཞེས་ཀུན་ལ་གྲགས་ཤིང་། དགུང་ལོ་བཅུ་གསུམ་པ་ལ་འཕགས་པ་བདེ་བར་གཤེགས་ནས། དེའི་དགོངས་པ་རྫོགས་ཐབས་རྒྱ་ཆེན་པོ་བསྒྲུབས་ཤིང་། སློབ་