R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 191
[A:191]དབུས་གཙང་དཔོན་ཆེན་དང་། ས་སྐྱ་ནང་ཆེན་རིམ་པའི་བྱོན་ཚུལ་བཞུགས། ཨོཾ་སྭ་སྟི། དཔལ་ལྡན་ས་སྐྱ་པའི་གདུང་རྒྱུད་དྲི་མ་མེད་པ་འདི་དང་། ཧོར་རྒྱལ་པོ་ཡོན་མཆོད་དུ་འབྲེལ་ནས་གཙུག་ལག་གཉིས་ཀའི་སྒོ་ནས། བོད་ཁམས་བསྐྱང་བའི་ཕྱིར། ཞར་ལ་བྱུང་བ་དབུས་གཙང་དཔོན་ཆེན་གྱི་རིམ་པ་ནི། ཐོག་མར་དཔོན་ཆེན་ལ་སྔ་བ་ཤཱཀྱ་བཟང་པོ་དེ་ལ། ཆོས་རྗེ་ས་པཎ་དགུང་ལོ་རེ་གསུམ་པ་ས་ཕོ་འབྲུག་ལ། ཧོར་རྒྱལ་པོ་ཨེ་ཆེན་གོ་དན་གྱི་གདན་འདྲེན་བྱུང་ནས། བྱང་ཕྱོགས་སྤྲུལ་པ་སྡེར་ཕེབས་དུས། བླ་མ་འུ་ཡུག་པ་དང་། ཤར་པ་ཤེར་འབྱུང་མ་གཏོགས། དགེ་བའི་བཤེས་གཉེན་ཐམས་ཅད་ཀྱང་ཕྱག་འཚལ་དུ་བཅུག ས་སྐྱ་དང་གཞི་བའི་རྒན་པ་ལ་བསྐོས་ནས་བཞག བླ་མ་འཕགས་པའི་དུས་སུ། སེ་ཆེན་གྱི་ལུང་གི་ཟོན་གླུ་གུན་མིན་དབེན་ཧུའི་མིང་དང་ཤེལ་དམ་གནང་ནས། དབུས་གཙང་གི་དཔོན་ཆེན་བསྐོས། ཁང་གསར་ཆེན་མོ་བཏབ། མེ་ཕོ་འབྲུག་ལོ་ལ། བླ་མ་འཕགས་པ་གོང་ནས་ཕེབས་པའི་བསུ་བ་ལ་དཔོན་ཆེན་པས་ཀྱང་བྱོན་དཔོན་སློབ་ནོམས་གྱེ་རེ་ལྷ་ཁང་དུ་བཞུགས་པའི་ནུབ་མོ། བླ་མའི་ཞལ་ནས་མི་ཁོང་ལ་ཉེ་གནས་གོ་ཆོད་བྱུང་བས། ལྷ་ཁང་འདི་ལྟ་བུ་བཞེངས་ཐུབ་འདུག་ཏེ་གསུངས་པ་དཔོན་ཆེན་པ་སྐུ་རྒྱབ་ན་ཡོད་པས་གསན་ནས། བླ་མ་དམ་པ་མཉེས་ན་འདི་ཙམ་རྒྱ་མཐོངས་སུ་ཚུད་པའི་ལྷ་ཁང་ཞིག་བཞེངས་པ་ལགས་ཞུས་པས། ནན་ལྟར་