R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 199
[A:199]པ་ཚབ་རྐ་མོ་ཆེ་དང་། ལྷོ་རྒྱུད་པ་སྣམ་རྐ་མོ་ཆེ་རྣམས་བཟོས། རྐ་བོ་ཆེ་རེ་རེའི་འོག་ན་སོན་ཁལ་ཁྲི་ཁྲག་རེ་རེ་ཡོད་པར་བྱེད་ཅིང་། རྐ་ཆེན་རྣམས་མ་འཇགས་བར་ལ་བསྲུང་མི་སྡོད་པའི་མཁར་གཉིས་བཞེངས་པ་ནི། སྟོད་དུ་རྒྱལ་གྲོགས་རྩེ་མཁར་དང་། སྨད་དུ་པ་སྣམ་རྩེ་མཁར་གཉིས། ལྕེ་བཙད་ཀྱི་བཞེངས་པས་ན་ལྕེ་མཁར་དུ་ཆགས་པ་ཡིན་ལ། དེ་ལྟ་བུའི་རྐ་ཆེན་བཞི་དང་མཁར་གཉིས་ནི། ད་ལྟའི་བར་དུ་ཡོད་ཅིང་། ས་འདུལ་ལ་བེད་སྤྱོད་ཤིན་ཏུ་ཆེ་བར་བྱུང་བས། ལྕེ་བཙད་ཀྱི་བྱས་པ་ལག་རྗེས་ཤིན་ཏུ་ཆེ་བར་གདའ་ཅིང་། ཞ་ལུ་བའི་དཔོན་རྒྱུད་འདིས་རྩ་བ་ལྕེ་བཙད་ཀྱི་རྒྱུད་པ་ཡིན་པས། དེ་ནས་གདུང་རབས་མང་རབས་འོང་པས། བོད་དུ་བསྟན་པ་ཕྱི་དར་གྱིས་ཐོག་མ། དབུས་གཙང་གི་མི་བཅུ་པོས་མདོ་སྨད་ནས་ཆོས་ཞུས་པས། ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་མྱང་སྨད་རྒྱན་གོང་གི་གཙུག་ལག་ཁང་བཞེངས། དེའི་དངོས་སློབ། མགོ་དམག་གཡུ་འཁྲུངས་གི་བུ་ཆེན། ལྕེ་བཙུན་ཤེར་འབྱུང་གི་ཞ་ལུ་ཝ་མོའི་གཙུག་ལག་ཁང་བཞེངས། ཆོས་སྡེ་བཏབ་རྒྱ་གར་དུ་བྱོན། སྡོམ་པ་བསྐྱར་ནས་བླངས། ཟབ་ཆོས་མང་དུ་ཞུས་སོ། །དེར་རྟིང་ཞ་ལུ་བ་མངའ་ཐང་འབྱོར་སྟོབས་ཇེ་ཆེ་ལ་སོང་ཚུལ་ནི། ཁྲི་སྐོར་གཞན་རྣམས་ལས་ལྷག་པའི། ཆེ་ཁྱད་རྣམ་པ་ལྔ་བྱ་བ་ཡོད་དེ། དེ་ཡང་། གདུང་རུས་བཙད་པོ་ཡིན་པས་ཆེ། ལས་ཀ་བཀའ་བཞིའི་བྱས་པས་ཆེ། དམ་ཆོས་རྒྱ་གར་མ་ཡིན་པས་ཆེ། དེ་རྣམས་ནི་གོང་དུ་སྨོས་པ་ལྟར་གདུང་རྒྱུད་སྐུ་ཞང་ཡིན་པས་ཆེ། སྦྱིན་བདག་རྒྱལ་པོ་ཡིན་པས་ཆེ། བྱ་བ་ནི་ཐོག་མར་སྐུ་ཞང་ཡེ་ཤེས་ཀུན་དགའི་ལྕམ་མོ། །མ་ཅིག་མཁའ་འགྲོ་འགྲོ་འབུམ། འགོ་མགོན་ཕྱག་ནའི་ཁབ་ཏུ་བྱོན་པ་ནས་བཟུང་སྟེ། ཆོས་རྗེ་བླ་མ་སྐུ་མཆེད། བླ་ཆེན་ཀུན་རྒྱལ་བ་ཡབ་སྲས་ལ་སོགས།