R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 200
[A:200]དིང་སང་ཡན། གདུང་རྒྱུད་ཁུ་དབོན་པས་སྐུ་ཞང་ན་རིམ་གྱི་བར་ལ། སྐུ་ཉེ་འབྲེལ་བ་ནས། སྡེ་བདག་གཞན་རྣམས་ལས་ཆེས་ལྷག་པར། ས་སྐྱ་པ་དང་འབྲེལ་ཆེའོ། །འགྲོ་འགོན་ཕྱག་ན་ཡབ་ཡུམ་པའི་སྲས། བླ་མ་དྷརྨ་ཕ་ལ་རཀྵི་ཏ་གོང་དུ་བྱོན། ཧོར་ཨོ་ཇ་དུ་རྒྱལ་པོ་དང་མཇལ་དུས། བོད་དབུས་གཙང་ན་ངེད་ཀྱི་ཞང་པོ་ཞ་ལུ་ཁྲི་དཔོན་བྱ་བ་ཡོད་པ་ལ། ལུང་ལས་ཁ་བཟང་པོ་གནང་དགོས་ཞུས་པས། བླ་མའི་ཞང་པོ་ཡིན་ན་ངེད་ཀྱི་ཡང་ཞང་པོ་ཡིན་དུ་ཆུག་ལ། ཁྲི་སྐོར་དཔོན་པོ་སྟོང་དཔོན་བྱིངས་པོས་ཕུད་དུ་ཁུར་བ་གྱིས་ཤིག མི་རབས་ཀྱི་བར་ལ་ཁྲི་སྐོར་འཇགས་སུ་ཆུག་གསུངས་པའི་ལུང་གཙང་མ་གནང་བ་དང་། གོང་མ་ཡོན་མཆོད་ཀྱི་སྐུ་རིམ་ལ་དམིགས་ནས། གསེར་དངུལ་ལས་གྲུབ་པའི་རྟེན་གསུམ་གཙུག་ལག་ཁང་དང་བཅས་པ་བཞེངས་པ་གྱིས་གསུངས་ནས། གསེར་བྲེ་ཆེན་བརྒྱ་དང་། དངུལ་བྲེ་ཆེན་ལྔ་བརྒྱས་མགོ་བྱས་པའི་གནང་སྦྱིན་བཟང་པོ་བསྐུར། དེའི་ཆ་རྐྱེན་གྱིས་ཞ་ལུ་གསེར་ཁང་དུ་གྲགས་པའི་ལྷ་ཁང་དབུ་རྩེ་ཆེ་ཆུང་ངོ་མཚར་ཅན་མང་དུ་ཐུགས་རྗེ་ཆེན་པོས་བཞེངས། ཚོང་འདུས་འཕྲུལ་པེ་བཞེངས། དེའི་རྟིང་སྐུ་ཞང་ཀུན་དགའ་དོན་གྲུབ་པ་དང་། སྐུ་ཞང་གྲགས་པ་རིན་ཆེན་པའི་རིང་ལ། རང་བྱོན་འཕགས་པ་སྤྱན་དྲངས། ཞ་ལུ་གནས་ནང་དང་། རི་ཕུག་ཡང་དགོན་བཏབ། ཆོས་དཔོན་ལ། ཆོས་རྗེ་བུ་སྟོན་ཁ་ཆེ་གདན་དྲངས། དེ་པ་ཡབ་སྲས་ལ་སོགས་མཁས་གྲུབ་མང་པོའི་ཞབས་ཏོག་བདག་རྐྱེན་མཛད་པས། ད་ལྟའི་བར་དུ། ཐུབ་བསྟན་ཉིན་མོ་ལྟར་གསལ་བ་འདི་ལགས་སོ། །སྐུ་ཞང་བྱོན་ཚུལ་མྱང་ཡུལ་ཆགས་ཚུལ་འདི་བྲིས་པས་སྐུ་ཆེན་གྱིས་མཆོག་བསྟན་འཛིན་ཡོན་མཆོད་རྣམས་སྐུ་ཚེ་རིང་ཞིང་། འགྲོ་ཀུན་རྒྱལ་བའི་སྐུ་གསུམ་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག དགེ་ལེགས་འཕེལ་གྱུར་ཅིག། །།