[A:208]པའི་བདག་པོ་དེ་ཉིད་ཀྱིས་ཐུགས་ལ། སེམས་ཅན་གྱིས་བདེ་སྐྱིད་སངས་རྒྱས་ཀྱིས་བསྟན་པ་ལ་རག་ལས། བསྟན་པའི་གསལ་བྱེད། ལུང་རྟོགས་ཐོས་བསམ་ལ་རག་ལས་འདུག་པས། བསྟན་པ་དར་ཞིང་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་དང་། དགེ་འདུན་འདུ་བའི་གཙུག་ལག་ཁང་དང་བཅས་པ་ཞིག་ཀྱང་བཞེངས་དགོས་དགོངས་པ་བྱུང་ནས། ཐུབ་པ་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་ལྔ་བརྒྱ་ལྔ་བཅུ་རྩ་གསུམ་སོང་བའི། ས་ཕོ་ཁྱི་ལོ་ལ་མངའ་བདག་དཔལ་ཁྲི་བཙན་གྱི་ཕོ་བྲང་རྒྱ་གར་རྩེའི་ཉེ་འཁོར་ལ་སོགས་སུ། ཆོས་གྲྭ་ཆེན་མོ་དཔལ་འཁོར་བདེ་ཆེན།གཙུག་ལག་ཁང་དང་བཅས་པའི་འགྲམ་བཏིང་། ལུང་རིགས་སྨྲ་བ་བརྒྱ་ཕྲག་བཅུ་དང་། རིམ་གཉིས་ཟབ་མོ་ལ་བརྩོན་པ་བརྒྱ་ཕྲག་ལྔ་ཙམ། རྩེ་གཅིག་སྒྲུབ་པ་ལ་བརྩོན་པ་བརྒྱ་ཕྲག་ལ་སོགས། དགེ་འདུན་འདུ་བའི་སྡེ་བཙུགས་དགེ་བ་བཅུའི་ཁྲིམས་བཅས། གཙང་ཁང་ཀ་ཆེན་བགྱོད། རྣམ་པར་སྒོ་གསུམ། ཁྱམས་ཀ་བ་བཞི་ཅུ་ཞེ་བརྒྱད་ཀྱིས། ཡོངས་སུ་ཀ་བ་ལྔ་བཅུ་ཁྱོན། གསེ་འཕྲུ་ཁྲུ་ཉི་ཤུ་ལྔ་པ། རྟེན་གྱི་གཙོ་བོར་རྡོ་རྗེ་གདན་གྱི་མཧཱ་བོ་དྷིའི་སྐུ་ཚད་དང་མཉམ་པའི་བྱང་ཆུབ་ཆེན་པོའི་སྐུའི་ཐོག་དྲངས། སྟེང་འོག་གི་ལྷ་ཁང་ཐམས་ཅད་ནས་གསེར་སྐུ། ལྡེར་སྐུ་གཞལ་ཡས་ཁང་བློས་བསླངས་ལ་སོགས་བྲིས་ལེགས་པ་ངོ་མཚར་ཅན་གྱིས་ཡོངས་སུ་གང་བར་བཞུགས་ཅིང་། རྟེན་གཙོའི་སྤྱན་སྔ་ན། གསེར་ཀོང་། དངུལ་ཀོང་། མཎྜལ་ཆེན་མོས་ཐོག་དྲངས། ལྷ་ཁང་སྤྱིར་དགོས་ཀུན་ན། མར་མེ་འཁོར་ཡུག་དང་། མཆོད་པའི་རྒྱུན་ཕུན་སུམ་ཚོགས་པ་བཙུགས། དགུང་ལོ་སོ་བདུན་པ་ལ་ལྕགས་རི་ཆེན་མོ། ལྕོག་ཉི་ཤུ་སྒོ་ཆེན་བརྒྱད། ཕྱི་ལྗོན་ཤིང་གིས་ར་བས་བསྐོར་བ་དང་བཅས་པ་བཞེངས། སོ་དགུ་པ་ལ་སྐུ་འབུམ་ཆེན་པོ་བཀྲ་ཤིས་སྒོ་མང་ཀྱི་