[A:209]འགྲམ་བཏིང་ནས། ཡུན་མ་འགྱངས་པར་ཞབས་སུ་ཆུག དེ་རྟིང་བྱམས་ཆེན་གྱིས་གོས་སྐུ་ཁྲུ་བརྒྱད་ཅུ་པ་ཞིག་བཞེངས། རིན་པོ་ཆེའི་བཀའ་འགྱུར། བསྟན་འགྱུར་བཞེངས་ཤིང་བསྐོར་བ་དང་། གཟུང་སྔགས་མང་པོའི་བཟླས་བརྗོད་རྒྱུན་པ་བཙུགས། ཕུ་རུ་སྒྲུབ་པ་པོ་བརྒྱ་རྩ་བརྒྱད་བཞུགས་པའི། རི་ཁྲོད་དགའ་ལྡན་གྱིས་འགྲམ་བཏིང་། འདི་ལྟར་བཤད་གྲྭ་སྒོམ་གྲྭ་འཛུགས་པ། རྟེན་ལྷ་ཁང་བཞེངས་པ།བོད་འབྲོག་དགེ་རྒྱུན་ལ་སྦྱོར་བ། མངའ་ཞབས་ལ་ཁྲལ་འཆག་སྟེར་བ་སོགས། དཀར་ཕྱོགས་ཀྱི་མཛད་འཕྲིན་ཁོ་ན་གཙོ་བོར་འདོན་ཅིང་། ཕུན་སུམ་ཚོགས་པ་ཆེན་པོ་བཅོ་བརྒྱད་དང་། ཉེ་བའི་ཕུན་ཚོགས་བཅོ་བརྒྱད་དང་ལྡན་པས། སེམས་ཅན་ཐམས་ཅད་བདེ་བའི་ལམ་ལ་བཀོད་དོ། །མི་དབང་དེའི་རྣམ་ཐར་ཐུགས་རྒྱུད་ལ། །འཁྲུངས་པའི་དགེ་ལས་བྱེད་དང་བྱེད་འགྱུར་དང་། །འགྲོ་ལ་ཕན་བདེའི་སྒྲུབ་པ་འདི་ལྟས་ན། །བྱམས་མགོན་སྤྲུལ་པ་ཡིན་པར་ཀུན་གྱི་བསྔགས། །ཞེས་པ་རྣམས་ཆོས་ཁྲིམས་དར་བར་མཛད་པའི་རྣམ་ཐར་ཟུར་ཙམ་བཀོད་པའོ། །རྒྱལ་ཁྲིམས་བདེ་བས་བསྐྱངས་ཚུལ་ནི། གཞོན་ནུ་ཉིད་ནས་རྩ་བའི་དཔོན་ཡང་། འཁོན་གྱིས་གདུང་རྒྱུད་རིན་ཆེན་རྣམས་ཀྱི་ཞབས་ལ་གཏུགས། ཡབ་ཁུ་བོ་བགྲེས་རིམ་རྣམས་གཙུག་ཏུ་ཁུར། བཏིང་འཇགས་ཐོན། རྒྱ་ཏ་མིང་རྒྱལ་པོས་ཏའི་སི་ཏུའི་མཚན་དང་། དངུལ་དམ་ལུང་གནང་སྦྱིན་དང་བཅས་པ་གནང་། སྟག་ཚང་རྫོང་པ་དང་། དཔོན་བློན་སྔར་ལས་ཀྱང་ཉེ་བར་འབྲེལ་ནས། མི་དབང་ནམ་མཁའ་ལ་སོགས་པའི་ཐུགས་སྲས་སུ་གྱུར་ཅིང་། ལྟེ་རྩེ་རྫོང་གིས་གཉེར་ལས་བཟུང་ནས། ཞབས་ཏོག་ཚུལ་བཞིན་དུ་བསྒྲུབས། བཞི་ཐོག་གདུང་རྒྱུད་པས། སྐུ་ཕྲ་མོ་ནས། མངའ་ཞབས་བྱིན་དགེ་བ་ལ་བསྐུལ་ཅིང་། ཀུན་གྱིས་ཆོས་རྒྱལ་ཆེན་