R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 207
[A:207]དཔལ་བ་ཡིན་ཅིང་། དེའི་སྲས་དཔོན་རིན་ཆེན་རྒྱན་མཚན་དཔལ་བ་དང་། ནོར་བུ་འཕགས་པ་ཡིན་ནོ། །ནང་ཆེན་ཀུན་དགའ་འཕགས་པའི་སྲས། མཆེད་གསུམ་གྱི་ཆེ་བ། རབ་བརྟན་ཀུན་བཟང་འཕགས་པ་མྱང་སྟོད་རྒྱ་གྲོང་དུ། མ་གཅིག་བཟང་མོ་དཔལ་བ་ལ། ས་མོ་སྦྲུལ་ལོ་འབྱུང་བ་ལྔ་ལྡན་གྱི་ཐོག་ཏུ་སྐུ་འཁྲུངས་འདི་ཉིད་ནི་ངེས་པར་བྱང་ཆུབ་སེམས་དཔའི་སྤྲུལ་པ་སྟེ། རྣམ་པར་དཀར་བའི་མཛད་འཕྲིན་རྒྱ་ཆེ་ལུགས་ནི་བརྗོད་པར་མི་ནུས་ཀྱིས། ངོ་མཚར་བའི་རྣམ་ཐར་རགས་པ་ཙམ་ཞིག ཁྲིམས་གཉིས་ཀྱི་སྒོ་ནས་བསྟན་པར་བྱ་བ་ནི། དང་པོར་སྐུ་གཞོན་ནུའི་དུས་སུ་ཞི་དུལ་དང་ལྡན་པ་སོགས། ཆོས་མཐུན་གྱིས་ཡོན་ཏན་དུ་མས་མཛེས་ཤིང་། དགུང་ལོ་བཅུ་གསུམ་བཅུ་བཞི་ནས། སེམས་དཔའ་པ་ཆེན་པོ་ཆོས་ཀྱི་རིན་ཆེན་གྱི་ཞབས་རྡུལ་སྤྱི་བོར་བླངས། རྗེས་སུ་བཟུང་། ཉི་ཤུ་བ་ལ་ཡབ་མེས་ཁུ་དབོན་པས་ཐུགས་དགོངས་རྫོགས་ཕྱིར་སྒྲུབ་མཆོད་ཆེན་མོའི་གཞི་བཙུགས། ཉི་ཤུ་རྩ་བཞི་པ་ལ་ཡབ་དང་ཡུམ་གྱིས་སྐུ་དྲིན་བསབ་པའི་ཕྱིར། སྒྲུབ་མཆོད་ཡུན་རིང་དང་གཞི་རྟེན་བཟང་པོ་བཙུགས། ཉི་ཤུ་རྩ་ལྔ་པ་ལ་མཁྱེན་རབ་ཀྱིས་མངའ་བདག་དགེ་ལེགས་དཔལ་བས་ཐོག་དྲངས། ལུང་རིགས་སྨྲ་བ་བརྒྱ་ཕྲག་བཞི་ལྷག་འདུ་བའི་ལྕང་ར་ཆོས་ཀྱིས་གཞི་བཏིང་། ཉི་ཤུ་རྩ་དྲུག་པ་ལ། མྱང་ཆུ་ལ་ཟམ་ཆེན་བཀག་ཆེ་དང་བཅས་པ་བཞེངས། སུམ་ཅུ་པ་ལ་གོས་སྐུ་ཆེན་མོ་སྟོན་པའི་སྐུ་ཁྲུ་བརྒྱད་ཅུ་པ་དང་། དེར་རྟིང་གསེར་འཕན་ཆེན་མོའི་དབུས་ན། བྱམས་པའི་སྐུ་ཁྲུ་བཞི་བཅུ་པ་དང་། གཞན་ཡང་གོས་དར་ལ་ཁྲུ་བདུན་ཅུ་རེ་ཡོད་པའི་འཕན་བརྒྱད་རྣམས་བཞེངས། རྡོ་རྗེ་གདན་གྱིས་མཁན་པོ། མ་ཧཱ་སོ་མ་སོགས་རྒྱ་གར་གྱི་པཎྜི་ཏ་དུ་མ་སྤྱན་དྲངས། བདག་རྐྱེན་བཟང་པོ་མཛད། དེར་རྟིང་ཡང་བསྟན་