R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 213
[A:213]མ་སངས་སྤྲུལ་པ་སྟག་སྣ་རྫོང་པའི་བྱུང་ཚུལ་ལོ། ། འགྲོ་བའི་གཙུག་རྒྱན་དཔལ་ལྡན་ས་སྐྱ་པས། །ཆོལ་ཁ་གསུར་ལ་ཁ་ལོ་བསྒྱུར་པའི་དུས། །དེ་ཡི་འཕྲིན་ལས་སྒྲུབ་པའི་དཔོན་ཆེན་དང་། །སློབ་དཔོན་དགེ་བཤེས་བློན་རྗེ་རིམ་པ་རྣམས། །མཁས་པ་མཆོག་སྟོབས་གྲངས་ལས་འདས་མོད་ཀྱིས། །ཐོག་མར་ཡུས་པོ་ཆེ་བའི་མི་གསུམ་པོ། །གྲོམ་པའི་ས་སྐྱ་དཔོན་རྗེ་ཤཱཀ་བཟང་དང་། །ཤར་སྨད་ཙོང་ཁའི་དགེ་བཤེས་རིན་བརྩོན་དང་། །མདོ་སྟོད་གོ་འཇོའི་ཧོར་ཆེན་དོན་ཚུལ་ཡིན། །དེ་གསུམ་ནང་ནས་རིགས་མཐོ་བློ་གསལ་བ། །དགེ་བཤེས་ཆེན་པོ་ནས་བརྒྱུད་དིང་སང་བར། །བླ་མའི་ཞབས་ཏོག་དབུས་གཙང་བྱ་བ་དང་། །མི་མཐུན་དཔུང་འཇོམས་མ་སངས་བཀའ་བབས་ཞེས། །སྙན་པའི་གྲགས་པས་ཕྱོགས་བཅུ་ཀུན་ཁྱབ་པ། །བློན་ཆེན་འདི་པའི་བྱོན་ཚུལ་འདི་ལྟར་རོ། །དེ་ཡང་འདི་ལྟར་ཐོས་ཏེ། སྔོན་བོད་དུ་ཆོས་སྐྱོང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་། དེའི་སྲས་བཞི་པ། ཁྲི་ལྡེ་སྲོང་བཙན་རྒྱལ་པོའི་སྐུ་རིང་ལ། མཐའི་དམག་འགོག་པའི་བོད་ཡུལ་གྱི་ཕྱོགས་བཞིར། སྒོ་སྲུང་བསྐོས། ཁྱད་པར་བོད་དམག་ཁྲི་ཁྲག་མང་པོ་ཁྱེར་ནས། བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ། གཡུལ་རྒྱལ། གནང་བཅད་ནས་ཕྱིར་བྱོན་དུས། དེ་ཕྱོགས་ཀྱི་སྒོ་སྲུང་ལ། བོད་དམག་གསེབ་ནས་སྐྱེན་བཏུས་པའི་དཔའ་བོ་མི་དགུ་དམག་བརྒྱ་ཕྲག་དགུ་དང་བཅས་པ་ཧོར་བོད་ཀྱི་སོ་མཚམས་སུ་བཞག དེ་དུས་ཁོང་རྣམས་ཀྱི། ངེད་རྣམས་ཇི་ཙམ་ལ་ལོག་