[A:214]རྒྱུ་ཡིན་ཞུས་པས། རྒྱལ་པོའི་ལུང་གི ངེད་ཀྱི་བཀའ་མ་བྱུང་བར་ལ་ལོག་རྒྱུ་མེད་གསུངས་པས། དེ་ཕྱིན་པས་དཔའ་བོ་མི་དགུའི་རུས་ལིང་བཀའ་མ་ལོག་ཟེར་བར་ཆགས་ཏེ། དེར་ཡུན་རིང་བས། བཀའ་མ་ལོག་གི་བོད་འབྲོག་སྡེ་ཚན་མང་པོ་ཡོད། སེ་ཆེན་རྒྱལ་པོའི་བློན་ཆེན་སང་གྷ་ཆིང་སང་ཟེར་བ་དེའང་། རུས་བཀའ་མ་ལོག་ཚང་ཡིན་ཟེར་བ་འདུག དེ་རྣམས་ཀྱི་ཆད་རྒྱུད་ལས་ཆད་པ། ཤར་ཙོང་ཁ་མཚོ་སྔོན་གྱི་མཐིལ་ན། སྐད་གསར་བ་བྱ་བ་དང་། བྱ་རོང་བ་བཅུ་དགུ་མེར་བྱ་བ་དང་། ཡུལ་ཁམས་ཆེན་པོ་གསུམ་གྱི་བདག་པོ་ཡང་ཟངས་རིང་མོའི་སྲས་ཆེ་བ། སྐྱ་མིང་དབོན་པོ་རིན་ཆེན་རྒྱལ་མཚན་ཞེས་པ། བློ་གསལ་ཞིང་སྐྱེ་མཆེད་དྭངས་པ་ཞིག་བྱུང་བ། དེ་ཉིད་གཞོན་ནུ་ནས་དཀར་པོའི་ཕྱོགས་ལ་མོས་པ་ཞིག་ཡོད་པས། ཡུལ་ཁམས་རྣམས་མཆེད་ཟླ་ཀུན་འཛིན་དུ་བཅུག་ནས། གཙང་ས་སྐྱ་བླ་མའི་སྙན་གྲགས་ཚོར། མོས་གུས་བཅུག་ཏེ། ཞབས་ལ་གཏུག་པར་འདོད་ནས་ཡར་བྱོན་ཏེ། མདོ་སྟོད་ཀྱི་ཧོར་ཆེན་སྟོན་ཚུལ་ཡང་། ཆོས་དོན་དུ་གཉེར་བ་ལ། སྔོན་ལ་འབྲི་གུང་དུ་བྱོན། དེར་མ་བསྟེན། ས་སྐྱར་ཆས་པ་དང་། ཁོང་རྣམ་གཉིས་གྱ་བ་ལུང་པར་མཇལ། མདོ་སྟོད་སྨད་ཀྱི་ཕྱོགས་སྲིད་དང་། སྐུ་ཚེ་སྔོན་མའི་འབྲེལ་ཤུགས་ཀྱིས། སྤུན་ཕུ་ནུ་ལྟར་ཐུགས་ཤིན་ཏུ་མཐུན་པར་བྱུང་ནས། དེའི་དབྱར་གྱ་བ་འབྲོང་ངུ་དགོན་པར་བསྡད། སྟོན་དེ་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་གོང་ནས་ཡར་ཕེབས་དུས། འབྲོང་ངུ་དགོན་པ་བས་གདན་དྲངས། བསྙེན་བཀུར་ཞུས། དེ་ཐོག་ཏུ་ཁོང་རྣམ་གཉིས་པས་ཀྱང་མཇལ། རབ་བྱུང་ཞུས། དབོན་པོའི་མཚན་རིན་ཆེན་བརྩོན་འགྲུས་བྱ་བར་བཏགས། བདག་སློབ་གཉེར་མཐིལ་ཕྱིན་པ་ཞིག་བྱེད་འདོད་པས། རྗེས་སུ་བཟུང་དུ་གསོལ་ཞུས་པས། དེ་བཞིན་ལེགས།