[A:215]སློབ་དཔོན་ཤར་པ་ཡེ་ཤེས་རིན་ཆེན་གྱི་སློབ་གཉེར་གྱི་འགོ་འདོན་གྱིས་ལ། དགེ་བཤེས་ཆེན་པོ་ཞིག་མགྱོགས་པར་ཡོང་བར་བྱེད་དོ་གསུངས་ནས། དགེ་བཤེས་ལ་སྔ་བ་རིན་ཆེན་བརྩོན་འགྲུས་ཟེར་བའང་། དེ་དུས་ནས་བྱུང་བར་གདའོ། །དེ་གཉིས་ཀའི་ཕྱག་ཕྱིར་བྱོན། ས་སྐྱར་ཕེབས། སློབ་གཉེར་མཛད་པས། ཤེས་རབ་དང་། ཐུགས་རུས་ཆེ་བའི་ཚད་ཐུབ་པར་བྱུང་ནས། རིང་པོར་མ་ལོན་པར་ས་སྐྱའི་དགེ་བཤེས་རྣམས་ཀྱི་ནང་ནས། མཁས་གྲགས་ཐོན་པར་བྱུང་། བར་སྐབས་ནས་བླ་མ་འཕགས་པའི་ཕྱག་ཕྱི་ཞབས་ཏོག་མཐིལ་བཞུགས་ཡུན་རིང་མཛད། བྱ་བའི་ལྗིད་ཁུར་ཆེན་པོ་མང་དུ་གལ། དེ་མཚམས་ས་འབྲི་འཁྲུག་པའི་འགོ་ཚུགས། གོང་དུ་ཁྲིམས་ཀྱི་གཏུག་བཤེར་ལ་ཕྱོགས་ཕྱོགས་ནས་མི་དྲག་པ་འགྲོ་དགོས་པ་བྱུང་དུས། དཔོན་ཆེན་ཤཱཀྱ་བཟང་པོ་དང་། དགེ་བཤེས་རིན་ཆེན་བརྩོན་འགྲུས། རིན་པོ་ཆེ་སྟོན་ཚུལ་གསུམ་པོའི་བླ་མ་དང་། བསྟན་པ་གདན་ས་ཆེན་པོས་ཕྱིས་ལ་བསམ་ཏེ། བློས་བླངས་ནས་བྱོན། ཁྲིམས་ལུགས་སུ་སོང་བས། ཚལ་གུང་ཐང་ནས། ཕོ་བྲང་ཤང་རྡོའི་བར་ལ། ཨན་ཁུར་ནས་རྐང་ཐང་ལ་བྱོན། གོང་དུ་གཏུག་བཤེར་ལེགས། ས་སྐྱ་པའི་བྱ་བ་རྣམས་ལ་གང་འདོད་ལེགས་པར་གྲུབ་ནས། ཡར་འཁོར་དུས་ཁོང་རྣམས་ས་སྐྱ་བ་ལ། ཡུས་ཆེ་བའི་མི་གསུམ་དུ་གྲགས་པར་བྱུང་ཞིང་། ཆེན་པོར་གྱུར། སྤྱི་སྒོས་སུ་བླ་མའི་གནང་སྦྱིན། བརྒྱ་སྟོང་སོ་སོའི་བྱ་དགའ་ཆེན་པོ་བྱས། ཁྱད་པར་དགེ་བཤེས་ཆེན་པོ་ལ། ཇ་རིན་ལ་ས་སྐྱའི་དྲུག་ཆ་མའི་འདབ་སྒོ་དང་། ཚོང་དུས་ཁང་ལེབ་ཀྱི་འགོ་བྱས། གྲྭ་ས་ཁང་ག་ར་ཕུའི་གྱོག་གཞིས་ཀ་རྣམས་གཙང་མར་གནང་། སྐྱ་བཙུན་ཐམས་ཅད་ཀྱི་བཀུར་སྟི་ཞབས་ཏོག་ཆེ་བར་བྱུང་། དེའི་སྐབས་སུ་མཆེད་གྲོགས་སྟོན་ཚུལ་བའི་གྲོས་ལ་སློབ་