R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 217
[A:217]རྒོད་མདུང་རྩེ་ཡན་ནས། དྭངས་ར་གཡུ་མཚོ་མན་འདི། བློ་གྲོས་རིན་ཆེན་རྒྱུད་པ་དང་བཅས་པ་ཤེས་སུ་བཅུག་པའི་འཇའ་ས་གཙང་མ་གནང་། གཅུང་གཉིས་པོ་ཉེ་རིང་མེད་པར་བསྐྱངས། གཅེན་ལ་བྱང་གི་ཁྲི་དཔོན་དང་། གཅུང་ལ་དུ་དབེན་ཤཱིའི་ལས་ཀ་ཞུས་ནས་བསྐོས། དྷརྨ་དཀོན་མཆོག་གི་གཞིས་པ་ལ། མ་གཅིག་མཁའ་འགྲོ་འབུམ་གྱི་ཉེ་གནས་མ་ཞིག་དང་། དཔོན་ཀུན་རྡོར་རྗེ་ལ་མ་གཅིག་བསོད་འབུམ་གྱི་ཚ་མོ་ཞིག་བླངས་ནས། གཉིས་ཀ་ལ་སྲས་མ་བྱུང་། བན་རྒན་པས་ཞལ་ཏ་མཛད། ཞལ་ཏ་མ་རེ་རེ་འོག་ཏུ་བཞག་པ་ལས། ཁྲི་དཔོན་དྷརྨ་དཀོན་མཆོག་ལ་སྲས་ཁྲི་དཔོན་ཆོས་རྒྱལ་དང་། དཔོན་ཆེན་རྒྱལ་བ་བཟང་པོ་བྱུང་། དུ་དབེན་ཤ་ཀུན་དགའ་རྡོ་རྗེ་ལ་སྲས། ཁྲི་དཔོན་དཀོན་མཆོག་རྒྱལ་མཚན་བྱུང་། ཁྲི་དཔོན་ཆོས་རྒྱལ་གྱིས། ཡབ་ཀྱི་ཤུལ་དུ་བྱང་རུའི་ཁྲི་དཔོན་ཐོག་གཅིག་མཛད་ནས་སྐུ་གཤེགས་སོ། །སྲས་མེད་པས་དཀོན་མཆོག་རྒྱལ་མཚ་ཁྲི་དཔོན་ལ་བསྐོས། བླ་ཆེན་ཀུན་བློའི་ཕྱག་ཕྱིར་གོང་ལ་བྱོན། ཡར་ཇོ་མོ་སྲེག་ཤིང་དབོན་མོ་བསླངས་ནས། མཐོང་སྨོན་ས་ཆ། ལྷ་ཁང་སྤང་གྲོང་གྲོང་གི་ཁ་འཛིན་བྱེད་དུས། སྲས་བཞི་བྱུང་བའི་ཆེ་བ་དཔོན་པོ་དཀོན་མཆོག་འོད་ཟེར་དང་། དཀོན་མཆོག་རིན་ཆེན། མཁན་པོ་བསོད་ནམས་བློ་གྲོས། ཆུང་བ་རྒོད་པོ་རིན་ཆེན་རྣམས་བྱུང་ངོ་། །གཅུང་པོ་འདི་མ་སངས་ཀྱི་སྤྲུལ་པ་ཡིན་པའི་རྒྱུ་མཚན་ནི། འདིའི་སྐབས་སུ་དཔོན་ཆེན་རྒྱལ་བ་བཟང་པོ་དེ་ཉིད། འབྲོག་ཁྲི་སྐོར་གྱི་རུ་ཐོག་མཚོ་མོ་རུ་ཁྱུང་གི་སྐོར་ནས་སྒར་ཆེན་བཞུགས་དུས། ཆིབས་པ་སྟོན་ཆེན་བྱ་བ་ཞིག་བོར་ནས། ལྷ་འདྲེ་མི་གསུམ་ལ་ལྕ་ཧུ་བཀྲམས། རྩད་གཅོད་པ་ཕྱོགས་བཞིར་བཏང་བས། ཤར་ཕྱོགས་པ་མི་གཉིས་ཀྱིས་ཁ་བ་སྐྱ་སྲིབས་བབས་པའི་སྟེང་ལ་རྟ་རྗེས་འདུག་པ།