[A:222]གོན་ཐི་མུར་རྒྱལ་པོས། ཕིང་གཅིག་པའི་མི་དཔོན་སྲིད་སྭན་ཇིང་དབེན་གྱི་ཧུ་ཤྲིའི་མཚན་དང་། དམ་རྟགས། བན་རྒན་བློ་གྲོས་རིན་ཆེན་པའི་དུས་སུ། ཇི་ལྟར་གནང་བ་བཞིན་གྱི་བོད་འབྲོག་དབང་རིགས་རྣམས། རྒོད་པོ་རིན་ཆེན་དུ་ཧུ་ཤྲི་མི་རྒྱུད་དང་བཅས་པ་ཤེས་སུ་ཆུག་གསུངས་པའི་ལུང་བཟང་པོ་དང་བཅས་པ་གནང་། ཡར་ཕེབས་བླ་མ་སྐུ་མཆེད་པས་ཞབས་ཏོག སྡེ་པ་སྟག་ཚང་རྫོང་ཁའི་ཕྱིའི་དགྲ་འདུལ་དམག་དཔོན་གྱི་བྱ་བ་གང་ལའང་། སྡེ་པའི་མཚན་ཇུས་གཙོ་བོར་སྟོན་པས། དཔོན་ས་ནས་ཀྱང་ཐག་རྟ་ནག་ག་གཉེར་པ་གནང་། སྣ་དམར་རྫོང་བརྩིགས། ཤངས་པ་ནང་ལྟར་གྱི་སྡེ་གསར་འཕོ་འཇུག་མང་ནའང་ཕྱི་ནང་སུས་ཀྱང་རྒོལ་བར་མ་ནུས་པ། རྒོད་པའི་སྙན་གྲགས་ཤིན་ཏུ་ཆེ་ཞིང་། མེ་ཕོ་སྟག་ལོ་རྫོང་སྟག་སྣ་དོན་གྲུབ་རྩེ་བཟུང་སྟེ། དེའི་ཆར་གཏོགས་པའི་མངའ་ཞབས་བོད་འབྲོག་མང་དུ་ཆོད་ནས། ད་ལྟའི་བར་ལ་བརྟན་ཅིང་འཕེལ་བ་དང་བཅས་པའོ། །དེ་ལ་ཡུམ་མི་གཅིག་པའི་སྲས་བུ་གསུམ་བྱུང་པའི་ཆེ་བ། རྟ་ནག་པ་དཔོན་པོ་ཤཱཀྱ་རིན་ཆེན། ངམ་རིངས་པ་རྒྱལ་བ་རིན་ཆེན། ཆུང་བ་སྐྱོར་མོ་བ་སོག་པོ་རིན་ཆེན་རྣམས་ཏེ། ཤཱཀྱ་རིན་ཆེན་པས། ཡབ་ཀྱི་གཉེར་ལས་ཀྱི་རྗེས་རྟ་ནག་བཟུང་། དེ་ལ་སྲས་དུག་ཚེར་རིན་ཆེན་དང་། ནམ་མཁའ་རིན་ཆེན། དགེ་སྦྱོང་དཀར་པོར་གྲགས་པ་རྣམས་སོ། །རྒྱལ་བ་རིན་ཆེན་ལ་སྲས། རྣམ་རྒྱལ་རིན་ཆེན་དང་། དཔལ་ལྡན་རིན་ཆེན་བྱུང་། གཉིས་ཀ་ཡབ་ཀྱི་སྔོན་ལ་འདས་སོ། །སོག་པོ་རིན་ཆེན་པས། ལྷ་བུ་རིན་མཁར་ཟེར་ཁོང་ལམ་རྫོང་གསར་བརྩིགས། སྲས་རྒྱལ་བུ་རིན་ཆེན་པ་དང་། དགེ་སྦྱོང་བསོད་ནམས་རིན་ཆེན་པ། གྲགས་པ་རིན་ཆེན་པ་རྣམས་བྱུང་ངོ་། ཁྲི་དཔོན་དཀོན་མཆོག་འོད་ཟེར་བ། སྐུ་མཆེད་ཕྱོགས་གཅིག་