R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 226
[A:226]པད་མའི་དངོས་སློབ་གཉགས་དང་། འཁོན་རྡོ་རྗེ་རིན་ཆེན་དང་། སོ་ཟུར་སྣུབས་གསུམ་ལ་སོགས། དཀྱིལ་འཁོར་གཙོ་བརྒྱད་དུ་གྲགས་པ་བྱུང་། དེ་རྣམས་ཀྱི་ནང་ནས། དབས་ཀྱི་སྟོན་པ་ཨ་མེས་མཚན་རྡོ་རྗེ་རྒྱལ་མཚན་བྱ་བ། བདུད་རྩི་ཡོན་ཏན་གྱི་ལྷ་ཚོགས་ལ་ཐུགས་དམ་གྱི་གཙོ་བོ་མཛད་ཅིང་། ཆོས་སྐྱོང་ཚོགས་བདག་དཀར་དམར། བྲན་དུ་འཁོལ་ནུས་པ་གསང་སྔགས་རྙིང་མའི་གྲུབ་ཐོབ་ཆེན་པོ་ཞིག་དང་། དབུས་རུ་སྐྱི་ཤོད་ཀྱི་ལུང་པར། ཟུལ་ཕུ་འོ་མའི་ནགས་འདབས་སུ་བྱུང་ཏེ། བླ་མ་དེ་ཉིད་ཀྱི་ཟུལ་ཕུ་གནས་གསར་གྱི་དགོན་པ་བཏབ། སྔགས་པའི་གྲྭ་བུ་སློབ་མང་པོ་བསྐྱངས་ནས། གསང་སྔགས་ཀྱི་བསྟན་པ་དར་བར་མཛད། དེ་ནས་བཟུང་སྟེ། རྒྱུད་པ་བཅུ་ཙམ་གྱི་བར་ལ། གནམ་ལ་རྡོ་རྗེའི་གུར་མ་ཞིག་པ། ས་ལ་དཀྱིལ་འཁོར་གྱི་བཀྲག་མ་ཡལ་བ། བར་ན་རཀྟའི་མཚོ་མ་བསྐམས་པའི། སྔགས་འཆང་གྲུབ་པ་ཐོབ་པ་མང་པོ་བྱུང་ངོ་། །དེའི་སྐབས་སུ་ཧོར་ས་སྐྱ་པ་ཡོན་མཆོད་དུ་འབྲེལ་ནས། བོད་ཆོལ་ཁ་གསུམ་པོ་ལ་ས་སྐྱ་པས་ཁ་ལོ་བསྒྱུར་བའི་དུས། གནས་གསར་སྔགས་པའི་དབོན་རྒྱུད། དབོན་པོ་དཀོན་མཆོག་སྐྱབས་ཟེར་བ་ཞིག་བྱུང་བ་དེས། དཔལ་ལྡན་ས་སྐྱར་བླ་མ་བདག་ཉིད་ཆེན་པོ་བཟང་པོ་དཔལ་བ་ཡབ་སྲས་ཀྱི་ཞབས་ལ་བཏུགས། ས་སྐྱ་ནང་སོ་དང་། ཆུ་མིག་ཁྲི་ཁང་ལོ་འགའ་བཟུང་། ཉེ་གནས་ཆེན་པོ་མགོན་པོ་སྐྱབས་ཞེས་པར་གྲགས་པ་དེའི་རིང་ལ། གཙང་སྟོད་ལྷན་ལུང་གི་ས་ཆ་དང་། པ་སྣམ་ཕྱོགས་ཀྱི་ས་ཕྲན་འདྲ་བདག་ཏུ་བཟུང་བར་འདུག འདི་ཡན་ལ་སོ་སོར་གྱེས་པའི་རུས་མཚམས་ནི། རྟ་ནག་ཕུག་པ། དཔོན་དགོས་པ་རིན་ཆེན་པ་སྐོར་ཡང་ཡིན་པར་བྱེད་ཅིང་།