[A:225]གནོད་སྦྱིན་སྤྲུལ་པ་རྣམ་རྒྱལ་གླིང་པའི་བྱོན་ཚུལ་བཞུགས་སོ། །ཨོཾ་སྭ་སྟི། འགྲོ་བའི་གཙུག་རྒྱན་དཔལ་ལྡན་ས་སྐྱ་པའི། །སྐུ་རིང་ལས་བྱུང་དཔོན་ཆེན་ཉེ་གནས་སོགས། །རབ་དང་རིམ་པར་བྱུང་བ་མང་མོད་ཀྱི། །ཕྱི་སྐོར་བླ་བྲང་ཁོ་ནའི་བྱ་བ་རྣམས། །ཆེས་ལྷག་ཕུལ་ཕྱིན་སྒྲུབ་པའི་ཉེ་གནས་མཆོག ། དམ་ཚིག་གཙང་ཞིང་བསོད་ནམས་དཔལ་གྱིས་མཐོ། །ཟས་ནོར་དབང་འབྱོར་གནོད་སྦྱིན་སྤྲུལ་པར་གྲགས། །བྱས་པ་ལག་རྗེས་ཆེ་བ་འདི་ལྟར་བྱུང་། །དེའང་སྔོན་སྤུ་རྒྱལ་བོད་འདི། ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུའི་རིང་ལ། ཟ་ཧོར་ཀྱི་ཡུལ་ནས། མཁན་པོ་བོ་དྷི་སཏྭ་གདན་དྲངས་ནས། བླ་མའི་མཆོད་གནས་སུ་བཀུར། བོད་དུ་བཙུན་པ་ལ་སྔ་བ། སད་མི་མི་བདུན་བྱ་བ་རབ་ཏུ་བྱུང་ནས། འཁོར་མང་པོ་དང་བཅས་ཏེ། སངས་རྒྱས་ཀྱི་བསྟན་པ་དར་བར་མཛད། དེ་དང་དུས་མཉམ་དུ་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ནས། སློབ་དཔོན་པདྨ་འབྱུང་གནས་གདན་དྲངས། བོད་ཀྱི་ལྷ་ཀླུ་གདུག་པ་ཅན་དམ་ལ་བཏགས། རྒྱ་གར་ཨོ་ཏན་ཏ་པུ་རིའི་གཙུག་ལག་ཁང་ལ་དཔེ་བླངས་ནས། རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་ལྕགས་རི་མུ་ཁྱུད་དང་བཅས་པ། དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་བཞེངས། བོད་རྒྱལ་པོའི་བླ་མར་མངའ་གསོལ། དེའི་དུས་སུ་ཨུ་རྒྱན་