R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 229
[A:229]བཤེས་སུ་གྲགས། དེའི་སྐབས་སུ། བླ་ཆེན་བསོད་བློ་བ་སྐུ་མཆེད། དུས་མཆོད་བླ་བྲང་ནས། སྟག་ཚང་རྫོང་ཁར་ཕེབས་པའི་ཕྱག་ཕྱིར་བྱོན། གསོལ་གཟིམ་མཛད་པ་གང་ལའང་འཇུག་པའི་ལས་ཚན་མཐིལ་བཟུང་། ཞབས་ཏོག་ལ་བརྩོན་ཅིང་། ཕྱི་ནང་གི་བྱ་བ་ལ་མཁས་པས། བླ་ཆེན་པ་ཤིན་ཏུ་མཉེས་ནས། གོང་ལ་བྱོན་པའི་ཕྱག་ཕྱིར་ཁྲིད། བླ་མའི་སྐུ་དྲིན་ལ། གོང་མ་ཐོག་གན་ཐི་མུར་རྒྱལ་པོས། རི་ཙིང་དབང་གི་ལས་འཛིན། ཁྲིམས་ར་བརྒྱད་ཡོད་པའི་ཆེ་ཤོས་གཡས་ཕྱོགས་ཀྱི་དབང་ཧུའི་མཚན་དང་། དམ་རྟགས་ལུང་བཟང་པོ་དང་བཅས་པ་གནང་། ཡར་ཕེབས་ནས་པའེ་ལེན་དབང་གྲགས་པ་རྒྱལ་མཚན་པས་བཀའ་ལུང་ཇི་ལྟར་གནང་པ་བཞིན། ལས་སྟོད་མངའ་རིས་ཀྱི་ཕྱོགས་ལ་ལམ་འཕྲང་དགྲ་གཉེན་གང་ལའང་མ་བསམ་པར་བྱོན་ནས། དགྲ་ཕྱོགས་འདུལ་བ་དང་། རང་ཕྱོགས་བསྟོད་པ་ལ་སོགས་བྱ་བ་ཆེན་པོ་རྣམས། དཔོན་པོའི་དགོངས་པ་དང་མཐུན་པར་གྲུབ་ནས་ཕྱིར་ཕེབས་དུས། དཔོན་ས་ནས་ཀྱང་མངའ་རལ་གསུམ་གྱི་གདན་ས། ལྷ་སྡེ་མི་སྡེ། ཡ་མི་སྙན་གྱིས་རུས་སྡེ་དང་བཅས་པ་བཞེངས་ཏེ། དཔའ་ཞལ་ལ་གནང་། སྟག་ཚང་རྫོང་གོང་འོག་གི་གཉེར་ལས་ཉེ་གནས་ཆེན་མོ་ལ་བསྐོས། མི་དབང་ཆེན་མོ་རང་གི་སྲས་མོ། བྱང་སེམས་བསོད་ནམས་རྒྱལ་མོ་བ་ཁབ་ཏུ་གནང་བ་ལ་སོགས། གདུང་རུས་ལས་ཆད་པའི་དབོན་སྲས་ངོ་བོ་དང་འདྲ་བར་འཇོག་པ་སོགས། ཐུགས་འདོགས་ཤིན་ཏུ་ཆེ་བར་མཛད་ཅིང་། དཔོན་སའི་ཐུགས་འདོགས་དང་། ཁོང་རང་ཡང་རྒྱལ་ཁྲིམས་ཀྱི་བྱ་བ་ལ་མཁས་ཤིང་། སྐུ་བསོད་ཀྱི་དཔལ་གྱི་མངོན་པར་མཐོ་བས། དགྲ་འདུལ་གཉེན་སྐྱོང་སྡེ་སྲིད་