[A:230]མཛད་འཕྲིན་མཐའ་དག་ལྷུན་གྱིས་གྲུབ་ནས། ཆུ་མོ་ཕག་གི་ལོ་ཧོར་ཟླ་བརྒྱད་པའི་ཚེས་བཅོ་ལྔ་བཟའ་སྐར་དུས་ཚེས་འཕྲོད་སྦྱོར་ཀུན་བཟང་བའི་ཉིན་ནས། རྫོང་རྣམ་རྒྱལ་གླིང་ཆེན་གྱི་འགྲམ་བཏིང་། རིང་པོར་མ་ཐོགས་པར་ཞབས་སུ་ཆུག་པར་བཞེངས། མཉམ་མེད་རྒྱལ་བ་བཟང་པོས་ཐོག་དྲངས། བླ་མ་དགེ་བའི་བཤེས་གཉེན་བཟང་གྲགས་མང་པའི་རྫོང་ལ་རབ་གནས་གསོལ། སྦྱིན་བདག་རང་གི་ཡི་དམ་གྱི་མཚན་དང་མཐུན་པར་བྱེད་གསུང་ནས། རྣམ་རྒྱལ་གླིང་ཆེན་ཞེས་པར་མིང་བཏགས། སོན་ཝི་པའི་མི་དཔོན་ཆེན་མོ་འདི་ཉིད་ནི་བཟང་ཞིང་དཔའ་བ། མཐུ་སྟོབས་ཟས་ནོར་ལ་དབང་འབྱོར་པས། རང་གཞན་གྱི་མངའ་ཞབས་ཐམས་ཅད། བདེ་བ་ལ་བཀོད་པའི་སྙན་གྲགས་ཀྱིས་དབུས་གཙང་ཐམས་ཅད་ཁྱབ་པར་གྱུར་ཅིང་། གནོད་སྦྱིན་ཚོགས་ཀྱི་བདག་པོའི་སྤྲུལ་པར་གྲགས་སོ། །དེ་ཉིད་ཀྱི་ཇོ་མོ་སྔོན་མ་འབྲི་གུང་དགུང་ཁར་དབོན་མོ་ལ། སྲས་དྲུང་ཆེན་ཆོས་རྒྱལ་བཟང་པོ་བ་བྱུང་ཞིང་། གདུང་རྒྱུད་ལྕམ་མོ་ལ། ཐོག་མར་སྲས་གཉིས་བྱུང་བ། གྲུབ་ཆེན་གོང་མ་འདྲའི་སྐུ་སྐྱེས་བཞེངས་པར་འདུག་ནའང་། གཞོན་ནུ་ལ་སྐུ་གཤེགས། དྲུང་ཆེན་ཆོས་རྒྱལ་བཟང་པོ་བ་དེ་ཉིད། དགུང་ལོ་བརྒྱད་པ་ལ་ནུབ་ཆོས་ལུང་དགོན་པར། མཁན་ཆེན་རིན་པོ་ཆེ་རྒྱལ་བཟང་པའི་དྲུང་དུ་བཞུགས་ནས། ཆབ་ཀློག་ཡིག་རྩིས་ལ་སོགས་སྐུ་ཆེ་བའི་ཡོན་ཏན་མཐའ་དག་ལ་ཐུགས་གོམས་པར་མཛད། བཅུ་གཉིས་པ་ནས་རི་ཙིང་དབང་རྣམ་སྲས་རྒྱལ་མཚན་པས་དྲུང་དུ་བྱོན། གསོལ་དཔོན་གྱི་མཐིལ་ཡུན་རིང་བཟུང་། སྐུ་དང་གྲིབ་མ་བཞིན་འབྲལ་བ་མེད་པར་ཕྱག་ཕྱིར་བརྩོན་ཅིང་།