R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 235
[A:235]རྡོ་རྗེ་ན་རེ། ངས་རྒྱལ་པོ་བསད་པས་བྱར་མི་རུང་གཞན་ནས་བཙལ་གྱིས་རྒྱ་ནག་ཧ་ཤང་ཀེ་ཝང་དང་། གྱི་བན་བྱ་བ་བཏང་བྱུང་བ་དང་། མཁན་སློབ་དང་དམར་གྱིས་གསང་སྟོན། རྒྱའི་དགེ་སོང་གཉིས་པོས་ཁ་སྐང་བྱས་ཏེ་ལྔ་ཚོགས་ཀྱིས་བསྙེན་རྫོགས་བྱས་སོ། །དེ་ནས་ལོ་ལྔ་ལོན་པ་དང་། བསམ་ཡས་ན་ཡུམ་བརྟན་གྱི་རྒྱལ་རྒྱུད། མངའ་བདག་ཚ་ལ་ན་ཡབ་སྲས་ཀྱིས། མདོ་སྨད་ན་རབ་བྱུང་ཡོད་པའི་རྒྱུ་མཚན་ཚོར་ནས། དབུས་གཙང་གི་མི་ཤེས་རབ་དང་སྙིང་རུས་ཆེ་རྣམས། ཆོས་འཚོལ་བ་ལ་ངེས་པར་བཏང་དགོས་དགོངས་པར་ཤར་ཏེ། དབུས་ནས་གླགས་པ་ལམ་པ། ཀླུ་མེས་ཤེས་རབ་ཚུལ་ཁྲིམས་དང་། འབྲེ་ཡེ་ཤེས་ཡོན་ཏན། རག་ཤི་ཚུལ་ཁྲིམས་འབྱུང་གནས། སྦ་ཚུལ་ཁྲིམས་བློ་གྲོས། སུམ་པ་ཡེ་ཤེས་བློ་གྲོས་དང་ལྔ། གཙང་ནས། མགུར་མོ་རབ་ཁ་བ། ལོ་སྟོན་རྡོ་རྗེ་དབང་ཕྱུགཤབ་སྒོ་མངའ་བའི་ཚོང་བཙུན་ཤེས་རབ་སེང་གེ མངའ་རིས་པ་འོད་རྒྱལ་སྤུན་གཉིས། བོ་དོང་པ་ཨུ་པ་ལྟེ་དཀར་བ་དང་ལྔ་སྟེ། མི་བཅུ་པོ་དེ་ཁམས་ལ་བརྫངས་ནས། གཙང་གཡོ་དམར་གསུམ་ལ། བཀའ་དྲིན་ཞུས་པས། གཙང་ན་རེ། ངེད་རྒས་པས་མཁན་པོ་མི་འཁྱོངས། བླ་མ་ཆེན་པོ་ལ་ཞུས་གསུངས། བླ་ཆེན་གྱིས་བསྙེན་པར་རྫོགས་ནས། ལོ་ལྔ་ལས་མ་ལོན་པས་ན། མཁན་པོ་མི་གཏུབ་ཟེར་བ་ལ། གཙང་ན་རེ། དམིགས་བསལ་ལ་གཏུབ་པས་གྱིས་གསུང་ནས། བླ་ཆེན་གྱིས་མཁན་པོ། གཙང་གཡོས་ལས་སློབ་དང་གསང་སྟོན་བྱས། དམར་དང་ཧ་ཤང་གིས་ཁ་སྐོང་བྱས་ཏེ། ཐམས་ཅད་ཆིག་རྫོགས་བྱས་སོ། །དེ་ནས་བླ་ཆེན་གྱི་ཞལ་ནས་ད་ཁྱེད་རྣམས་ཡར་སོང་ལ། དབུས་གཙང་དུ་བསྟན་པ་དར་བ་ཞིག་གལ་ཆེའོ། །དེའང་ལོ་སྟོན་མཐུ་ཆེ་བས་བསྟན་བསྲུང་གྱིས། ཀླུ་མེས་སྐུ་བཙུན་