R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 234
[A:234]དུ་བྱས། བོད་དུ་སངས་རྒྱས་ཀྱི་བསྟན་པ་བསྣུབས། ལོ་ཕྱེད་དང་བཞིར་སྡིག་རྒྱལ་ཁོ་ན་བྱས། ཞེ་བཞི་ལོན་པ་མེ་ཕོ་སྟག་གི་ལོའི་དུས། ལྷ་ལུང་དཔལ་གྱི་རྡོ་རྗེས། ལྷ་སའི་རྡོ་རིང་རྩ་རུ་གླང་དར་མ་བཀྲོངས་སོ། །དེའི་དུས་སུ་འཇད་ཀྱི་མི་གཙང་རབ་གསལ་དང་། བོ་དོང་པ་གཡོ་དགེ་འབྱུང་། སྟོད་ལུང་པ་དམར་ཤཱཀྱ་མུ་ནེ་གསུམ་པོ། དཔལ་ཆུ་བོ་རི་ལ་སྒོམ་ཞིང་ཡོད་པས་ན་བཙུན་པས་ཁྱི་ར་བྱེད་པ་མཐོང་ཏེ། དྲིས་པས་རྒྱལ་པོས་བསྟན་པ་བསྣུབས་པར་ཤེས་ཏེ། འདུལ་བའི་པོ་ཏི་དྲེལ་ཁལ་གཅིག་བཀལ་ནས་མངའ་རིས་སྟོད་དུ་བྲོས། གར་ལོག་ལ་ལམ་བྱས་ནས་ཧོར་ཡུལ་དུ་ཕྱིན་ལ། ཆོས་དར་བར་བྱ་སྙམ་པ་ལ། སྐད་རིགས་མི་གཅིག་ལོ་ཙཱ་མེད་པས་དར་བར་མ་ནུས་ཏེ། མདོ་སྨད་ལྷོ་དངོས་ཀྱི་བེ་ར་ཚྭ་མཚོ་ན་ཚུར་བྱུང་ནས། རྨ་ལུང་རྡོ་རྗེ་བྲག་ར། ཨན་བྱུང་གནམ་རྫོང། དན་ཏིག་ཤེལ་ཀྱི་ཡང་དགོན་དུ་སླེབས། སྒོམ་ཞིང་ཡོད་པ་ལ། རྨ་ཆུ་ཁའི་ཕྱུགས་རྫིས་མཐོང་ནས་ཡུལ་མི་ལ་སྨྲས་པ། བོན་པོའི་གྲུབ་ཐོབ། མུ་ཟུ་གསལ་བཟང་བྱ་བའི་བུ་ལོ་བཅོ་ལྔ་ལོན་པ། ལས་དང་སྐལ་བ་ལྡན་ཞིང་མོས་པ་ལ་སྤྱོད་པའི། དཔལ་དམུ་ཟུ་གསལ་འབར་གྱི་ཚོར་ནས། ལྟར་ཕྱིན་པས་མཐོང་བ་ཙམ་གྱི་དད་ནས། རབ་ཏུ་བྱུང་བ་ཞུས་པ་ལ། འདུལ་བའི་བསླབ་བྱའི་པོ་ཏི་བསྟན་ནས། འདི་ལ་ལྟོས། འདི་ལྟར་རབ་ཏུ་བྱུང་ན་གསུངས། བལྟས་པས་ཤིན་དུ་དད་ཏེ་མཆི་མ་བྱུང་ངོ་། །དེར་གཙང་གིས་མཁན་པོ། གཡོས་སློབ་དཔོན་བྱས་ནས་རབ་ཏུ་བྱུང་དགེ་ཚུལ་གྱི་མིང་། མཁན་སློབ་དང་སྦྱར་ནས་དགེ་བ་རབ་གསལ་དུ་བཏགས་སོ། །ཕྱིས་ཐུགས་རབ་ཆེ་བས། དགོངས་པ་རབ་གསལ་དུ་གྲགས་སོ། །དེ་ནས་ལོ་འགའ་སོང་བ་དང་། བསྙེན་རྫོགས་ཞུས་དུས། དགེ་སློང་ལྔ་མ་ཚང་བས་མི་ཡོང་གསུངས། ལྷ་ལུང་དཔལ་གྱི་