[A:240]ཁང་རྙིང་མ་བཞེངས། དེ་ནས་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། དེས་གཙུག་ལག་ཁང་ཆེན་མོ་དང་། ལྕགས་རི་བཞེངས། དེ་ནས་ཆོས་རྗེ་ཉི་མ་རྒྱལ་མཚན་པས། ཚུལ་ཁྲིམས་སྟག་བརྒྱད་བསྐོས། ཆོས་ཁྲིམས་དག་ཐེར་ཆེར་མཛད། དེར་རྟིང་འདུལ་འཛིན་གྲགས་བརྩོན་ཟེའུ་བས། སེ་ཆེན་དང་ཨོལ་ཇ་དུ་རྒྱལ་པོའི་དུས། བསྟན་པ་དང་གདན་ས་ལ་ཕན་ཐོགས། དེར་རྟིང་གྲགས་ཆེ་བ། མཆིམས་བློ་བཟང་གྲགས་པ། འདིས་ཤ་ཁྲིམས་དང་། ཁམས་པ་མི་བསྟེན་པའི་ཁྲིམས་མཛད་དེ། དེ་ལ་སོགས་པ་གཞུང་འཆད་ཉན་མཛད་པ་རྣམས། པུ་ཏོ་བའི་རྒྱུད་སྡེ་བཀའ་གདམས་གཞུང་པར་གྲགས་སོ། ། པུ་ཏོ་བའི་བུ་ཆེན་སྤྱན་ལྔ་ཚུལ་ཁྲིམས་འབར་གྱིས། ལོ་པའི་གནས་བརྟན་བགྲེས་པོ་ཞིག་འདུག་པ་ལ། བྲིད་སྐོལ་བྱས། ཚོགས་པ་ནམ་ཚོགས་དུས་བསྔོ་བ་སྟེར་བའི་དམ་བཅས་ནས། ལོ་དགོན་པ་བཏབ། དེ་སློབ་མ་སྟོད་ལུང་པ་རིན་ཆེན་སྙིང་གིས། བཙན་གྲོ་དགོན་པ་བཏབ་ནས། དེའི་དབོན་པོ་གཞོན་ནུ་འོད་ཀྱིས། བྱ་ཡུལ་བཏབ། དེ་ལ་སློབ་མ་ཆེན་པོ་བཅུ་བཞིར་གྲགས་པའི་ནང་ནས། མལ་གྲོ་སྤྲུལ་པ་ཆེན་པོའི་རྒྱལ་པོ་སྟེངས་བཏབ། ཁྲོམ་ཞེར་བ་ཆེན་པོས་ཀམ་ཀམ་བཏབ། དུམ་བུ་རི་བ་ཆེན་པོས། དུམ་རི་བཏབ སྒྱེར་སྒོམ་ཆེན་པོས། །རྒྱ་མའི་མཆོད་ཁང་རྙིང་མ་དང་། རིན་ཆེན་སྒང་བཏབ་བོ། །བྱ་ཡུལ་དུ་དེར་རྟིང་མཁན་རབ་བཅུ་གཅིག་སོང་བའི་རྗེས་ལ། སྤྱན་མངའ་ཚུལ་ཁྲིམས་མགོན་པོ་བྱ་བའི། གདན་ས་འདི་པ་ཆོས་གང་བཟང་རེ་མ་གཏོགས། དབོན་རྒྱུད་ཀྱིས་འཛིན་པའི་སྲོལ་མེད་དོ། །རྒྱ་མ་སྒྱེར་སྒོམ་ཆེན་པོའི་རྗེས་ལ། ས་སྐྱ་དབོན་གྱི་ལྷ་ཁང་གསར་མ་བཏབ། དེ་ནས་དབོན་རྒྱུད་རིམ་པ་བཞིན་གྱི། དྲུག་པ་སློབ་དཔོན་བཀྲ་ཤིས་རྒྱལ་མཚན་འདིས་གདན་ས། སྒྱེར་གྱི་གདུང་རྒྱུད་ཀྱི་གདན་ས་འཛིན་པའི་སྲོལ་ཡིན་ནོ། །ཡང་