[A:241]ཇོ་བོ་རྗེའི་སློབ་མའི་བླ་མཆོད་བཞིར་གྲགས་པ་སློབ་རྒྱུད། །ཁ་རག་སྣེ་ཟུར་བ། གཙང་ན་གྲགས་པོ་ལུང་། སྤྱི་བོ་ལྷས་པ་ལ་སོགས། གདམས་ངག་གཙོ་བོར་སྟོན་པས། བཀའ་གདམས་གདམས་ངག་པར་གྲགས་སོ། །ཡང་ཆོས་རྗེ་པའི་སློབ་མ་ལོ་ཙཱ་བ། དེའི་སློབ་མ་རོང་པ་ཕྱག་སོར་བའི་དགོན་པ་བཅོམ་ཆུང་བྱ་བ། རྭ་སྒྲེང་གི་འོག་ན་ཡོད་པའི། བཀའ་གདམས་འོག་མར་གྲགས། དེ་དང་རྭ་སྒྲེང་གཉིས་ལ་བཀའ་གདམས་གོང་འོག་ཟེར་རོ། །རོང་པའི་བུ་བཞིར་གྲགས་པའི། རྣམ་པར་བ་ཆེན་པོས་རྣམ་ཐར་དང་། རམ་པ་ལྷ་སྡིངས་བཏབ། གསང་ཕུ་ནེའུ་ཐོག་གི་གདན་སའང་ལོ་བདུན་མཛད། དེ་དག་ནི་རོང་པའི་བཀའ་བརྒྱུད་དར་ལགས་སོ། །བཀའ་གདམས་རྒྱུད་འདི་བྲིས་པས་རྒྱལ་བའི་བཀའ། །བཀའ་བསྡུ་གསུམ་ནས་མ་འཆུགས་རྒྱུད་པའི་བཀའ། །བཀའ་ཡིས་ཟབ་དོན་གདམས་པ་བསྟན་པ་ཡིས། །རྒྱུན་མི་འཆད་ཅིང་འགྲོ་ཀུན་སྨིན་གྲོལ་ཤོག། །དགེ་ལེགས་འཕེལ་བར་ཤོག། །།