[A:242]རྔོག་ལོ་ཁུ་དབོན་གྱི་སློབ་རྒྱུད་དང་། བཤད་གྲྭ་དར་ཚུལ་བཞུགས་སོ། ། ན་མོ་མཉྫུ་གྷོ་ཤ་ཡ། ཁ་བ་ཅན་ལྗོང་དབུས་གཙང་གངས་རིའི་རྩེར། །བཤེས་གཉེན་བསྟན་པའི་རྒྱལ་མཚན་ལེགས་འཛིན་པ། །མཚན་ཉིད་ལྡན་པའི་ལོ་ཆེན་ཁུ་དབོན་གྱིས། །མཚན་ཉིད་སྡེ་བཙུགས་བསྟན་པ་འདི་ལྟར་སྤེལ། །དེའང་སྟོན་པ་སངས་རྒྱས་མྱ་ངན་ལས་འདས་ནས། ལོ་སུམ་སྟོང་ཉིས་བརྒྱ་དང་བརྒྱད་འདས་ནས། བོད་ཡུལ་ཁ་བ་ཅན་གྱི་ལྗོངས་ཡར་འབྲོག་ཚོ་དང་ཉེ་བའི་ཕྱོགས་སུ། གསང་སྔགས་རྙིང་མའི་དགེ་བཤེས་རྡོ་རྗེ་གཞོན་ནུ་ཞེས་པའི་སྲས་ལྔའི་ཆེ་ཤོས་རྔོག་ལེགས་པའི་ཤེས་རབ་ཀྱིས། ཇོ་བོ་རྗེ་ལ་སོགས་པའི་མཁས་གྲུབ་དུ་མ་བསྟེན་ཅིང་། གསང་ཕུ་ནེའུ་ཐོག་གི་གཙུག་ལག་ཁང་བཞེངས་ཏེ། བསྟན་པའི་བྱ་བ་རྒྱ་ཆེ་བར་མཛད། དེའི་གཅུང་ཐ་ལྷག་ཆོས་བཀྲས། ཆོས་སྐྱབས་ཀྱིས་དཔལ་མོ་བྱ་བ་ཁབ་ཏུ་བཞེས་པ་ལ་སྲས་སེམས་དཔའ་ཆེན་པོ་བློ་ལྡན་ཤེས་རབ་ལྕགས་མོ་ཕག་ལོ་ལ་སྐུ་འཁྲུངས་ཏེ། དེ་ཉིད་གཞོན་ནུ་ནས། ལོ་བཅུ་བདུན་གྱི་བར་ལ་ཁུ་བོ་དང་། རྣོ་ཚུལ་ཁྲིམས་ཤེས་རབ་ལ་སོགས་པའི་དྲུང་དུ། ཀློག་ཡིག་སྐད་རིགས་བསྟན་བཅོས་ཕལ་ཆེ་བ་ལ་ལེགས་པར་སྦྱངས། ཞབས་ཏོག་གི་མཉེས་པར་མཛད། དེ་ནས་ཁུ་དབོན་པས་ཀྱང་། བསྟན་པའི་ཁུར་ཁུར་ཅིང་བྱིན་གྱིསབརླབས་ནས། བལ་པོ་དང་རྒྱ་གར་དབུས་ཕྱོགས་ཁ་ཆེ་ལ་སོགས་པར་བྱོན། པཎྜི་ཏ་པྲ་ཛྙཱ་ན་དང་། འབུམ་ཕྲག་གསུམ་པ་ལ་སོགས། མཁས་གྲུབ་མང་དུ་བསྟེན།