[A:245]གསུམ། སློབ་དཔོན་བློ་གྲོས་སེང་གེས་ལོ་ལྔའི་བར་དུ། གསང་བུ་གླིང་སྨད་ཀྱི་གདན་ས་མཛད་དོ། །གསང་ཕུ་ནེའུ་ཐོག་གི་གདན་ས་འཇམ་ཅན་ནས་མཛད་པའི་དུས། གཙང་པ་འཇམ་སེང་གིས་བཤད་པ་མཛད་པས། གླིང་སྟོད་པ་གྱེས་སྟེ། དབོན་པོ་ཇོ་ཡུན་ཞེས་པས། བདག་རྐྱེན་བྱས་ནས། འཇམ་སྟོན། ཞུས་སྟོན། བློ་གྲོས་འབར་གསུམ་གྱིས་རིམ་པར་བཤད། དེའི་དུས་སུ་གཉལ་ཞིག་གིས་ལོ་བརྒྱད། དེ་ནས་རྒྱལ་བ་ལོ་སྟོན་གྱིས་བྱས། ཁོང་བྲོས་ནས། རྒྱ་འཆིང་རུ་བས་མཛད། དེའི་རྗེས་ཁོང་གི་སློབ་མ། ཆུ་མིག་པ་སེང་གེ་དཔལ་གྱིས། ལོ་བཅོ་བརྒྱད་མཛད་ཅིང་། ལྡན་མ་གྲགས་རིན་དང་། ལ་སྟོད་པ་གྲགས་རྒྱལ་ལ་སོགས། སློབ་མ་མཁས་པ་མང་དུ་བྱོན། ལྡན་མ་གྲགས་རིན་གྱིས་གདན་ས་ལོ་བརྒྱད་མཛད། དེ་ནས་ལྷོ་བྲག་པས་སྔོན་རྟིང་དྲིལ་བས་ལོ་ཉེར་གཉིས་མཛད་ཅིང་། ཐོག་སྟོན་དང་། མྱང་སྟོད་པ་ཡེ་ཤེས་མགོན་ལ་སོགས་མང་དུ་སྨིན་པར་མཛད། མྱང་སྟོད་པས་ལོ་བདུན་བླ་ཆོས་བཤད། ཡང་ལྷོ་བྲག་པ་རང་གི་མཛད། དེའི་རྟིང་བཙན་དགོན་པ་གཞོན་ནུ་བསམ་གཏན་གྱིས། ལོ་ཉི་ཤུའི་བར་ལ་གདན་ས་མཛད། ཆོས་གྲགས་གསར་མ་དང་། བླ་བྲང་དབོན་པོ་ལ་སོགས་སློབ་མ་མང་དུ་བྱུང་། དེར་རྗེས་བླ་བྲང་པ་དང་། ཆོས་གྲགས་གསར་མ། ཡ་རྩེ་བ། ལྷ་ཡུལ་བ། རིན་ཆེན་གྲགས་པ། ཡོན་ཏན་རྒྱ་མཚོ་རྣམས་ཀྱིས་རིམ་པ་བཞིན་བྱས། ཡང་རྒྱ་འཆིང་གི་དུས་སུ། བདེ་བ་ཅན་དུ་གཉགས་གྲགས་ཚུལ་གྱིས་བཤད་ཅིང་། རྒྱ་སྟོན་བསོད་རིན་ལ་སོགས་སློབ་མ་མང་དུ་བྱུང་། དེའི་རྟིང་རྒྱ་སྟོན་བསོད་རིན་གྱིས་བཤད། དགེ་བྲག་པ་ལ་སོགས་པའི་སློབ་མ་མང་དུ་བྱུང་། དེ་རྗེས་སུ་དགེ་གྲགས་པས་བྱས། དེའི་རྗེས་ལ་སྙེ་ཐང་བ་བཀྲ་ཤིས་སེང་གེས་གླིང་སྟོད་གདན་ས་