[A:246]བྱས་པའོ། །སྤྲེའུའི་ལོ་སློབ་དཔོན་ཤཱཀྱ་གཞོན་ནུ་དང་། སློབ་དཔོན་དོན་གྲུབ་དཔལ། དཔོན་སློབ་ཀྱི་གུང་ཐང་གི་བཤད་གྲྭ་བཙུགས་ནས། ལོ་དྲུག་ན་སློབ་དཔོན་ཤཱག་གཞོན་ནེའུ་ཐོག་ཏུ་བྱོན། གུང་ཐང་དུ་སློབ་དཔོན་དོན་གྲུབ་དཔལ་གྱིས། སྟག་ལོ་ནས་རྟ་ལོའི་བར་ལོ་ཞེ་གཅིག་གི་རིང་ལ། བསྟན་པའི་བྱ་བ་མཛད། ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དང་། མཁས་བཙུན་བློ་གྲོས་བཟང་པོ། སྐྱེས་མཆོག་བསོད་དཔལ་ལ་སོགས། སློབ་མ་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་སྨིན་པར་མཛད། དེའི་རྟིང་ཀུན་མཁྱེན་ཤེར་རྒྱལ་བ་རྟ་ལོ་ལ། རྒྱལ་ཚབ་ཏུ་དབང་སྐུར་ཏེ། དེས་ལོ་བཅུ་བཞི་གདན་ས་མཛད། ཡོས་ལོ་ནས་མཁས་བཙུན་ཇོ་བཟང་པས། ལོ་བཅུ་གཅིག་མཛད། དེའི་རྗེས་སུ་སྐྱེས་མཆོག་བསོད་དཔལ་བ་བསྐོས་སོ། །ཡང་བཟད་རིང་གིས་ཁྲོ་ཕུར་བཤད་གྲྭ་བཙུགས་ནས། སྟག་སྟོན་སྤྱིལ་བུ་ལ་སོགས་སློབ་མ་མང་དུ་བྱོན། ལྡོང་གིས་གདན་ས་བྱས། དེའི་རྟིང་སློབ་མ་ལྷོ་པ་གྲུབ་སེང་གི་བྱས། རོང་པ་དང་རིགས་ཐིགས་པ་ལ་སོགས། སློབ་མ་མང་དུ་བྱོན། རིགས་ཐིགས་པའི་སློབ་མ་ཞ་ལུ་བུ་སྟོན་ལས་ཕྱི་བ་ཡིན་ནོ། །ཡང་སྐྱེལ་ནག་གྲགས་སེང་གིས་སྣར་ཐང་དུ་བཤད་གྲྭ་ལ་ཚད་མ་བཤད་པས། སྐྱི་སྟོན་གྲགས་འབུམ། དེ་ནས་སློབ་རྒྱུད་རིམ་པ་བཞིན། བཅོམ་ལྡན་རལ་གྲི། མཁན་པོ་ཟི་དབོན། གྲ་རིང་གྲ་ཐུང་། རྩེད་རིང་རྩེད་ཐུང་ལ་སོགས་མཁས་པ་མང་དུ་བྱོན། དེའི་རྟིང་དཔོན་པོ་རིན་ཆེན་འབྱུང་གིས་བཤད། དེའི་སློབ་མ་ལྡོང་སྟོན་ཡིན་ནོ། །བཤད་བརྒྱུད་རིམ་པ་རིམ་པར་བྱོན་ཚུལ་འདི། །འདི་ཕྱི་གཉིས་ཕན་ཕན་བདེ་འབྱུང་ཕྱིར་བྲིས། །བྲིས་པའི་ནུས་མཐུ་མཐུ་ཆེན་བསྟན་པའི་རྒྱུན། །རྒྱུན་ཆགས་རིང་དུ་རིང་དུ་གནས་པར་ཤོག །དགེ་ལེགས་འཕེལ་བར་གྱུར་ཅིག། ། །