[A:257]རྒྱལ་མཚན་གྱི་གདན་ས་མཛད་དོ། །རྒྱལ་ཚ་ར་མོའི་རྒྱུད། ལྟུམས་ཆུང་པ་རྣམས་ས་སོ། །འདིའི་མཚམས་སུ་དོལ་གྱི་ཚུར་སྟོན་དབང་ངེ་དེའི་རྣམ་ཐར་བྲིའོ། །
འདི་ཆད།
གཙང་རོང་གི་མེས་སྟོན་ཚོན་པོ་ནི། གཙང་མྱང་སྟོད་སྟག་ཚལ་དུ་འཁྲུངས། མཚན་བསོད་ནམས་རྒྱལ་མཚན་རྗེ་མར་པ་བསྟེན། ཞབས་ཏོག་གིས་ཐུགས་ཟིན། རོང་པོ་དོའི་གནས་བཞེངས། གདུང་རྒྱུད་མེད། མར་པ་དང་། མེས་སྟོན་གཉིས་ཀའི་སློབ་མ། ཞང་བསོད་ནམས་མཁར། དེ་ནས་སྲས་རྒྱུད་ལྔ་སོང་བའི། ཞང་སྟོན་གྲགས་འབྱོར་ཏེ། ཆོས་ལུགས་རྒྱུད་པའོ། །གུང་ཐང་གི་མི་ལ་རས་པ་ནི། སྔོན་ནཱ་རོ་པས་མར་པ་ལ་ལུང་བསྟན་པའི། བོད་ན་གདུལ་བྱ་སྣོད་ལྡན་ཡོད་གསུངས་པ་དེ་ཡིན་ཅིང་། མར་པའི་བུ་ཆེན་གྱི་མཆོག་གམ། དེའི་གདུང་རུས་ནི། ཁྱུང་པོ། ཡབ་མི་ལ་ཤེར་རྒྱལ་དང་། ཡུམ་མྱང་བཟའ་དཀར་རྒྱན་གྱི་སྲས་སུ། ལ་སྟོད་གུང་ཐང་སྨད་ཀྱི། སྐྱ་རྔ་རྩའི་ཀོ་རོན་དུ་འཁྲུངས། མཚན་ཐོས་པ་དགའ། ཕ་ཚན་གྱིས་ཡུལ་དུ་སྡོད་དུ་མ་སྟེར་བ། རོང་དུ་ལྷ་རྗེ་སྣུབས་ཆུང་དང་། དབུས་སུ་གཉགས་གཡུང་སྟོན་ཁྲོ་རྒྱལ་གྱི་སར་བྱོན། དགྲ་ཐམས་ཅད་ཚར་བཅད། རོང་སྟོན་ལྷ་དགའ་ལ། རྫོགས་ཆེན་ཞུས་དེའི་སར། རྗེ་མར་པའི་སྙན་གྲགས་གསན་ནས། ལྷོ་བྲག་ཏུ་བྱོན། བླ་མ་དང་མཇལ། ཁོང་གི་དགྲ་མར་པ་ནག་པོ་བཏུལ། སྔར་ཀྱི་སྡིག་སྦྱོངས་ལ། བླ་མས་སྲས་མཁར་དགུ་ཐོག་ལ་འགྱེལ་གྱིན་བརྩིག་བཅུག་པས། སྒལ་རྨ་དྲུག་བྱུང་ནའང་། རྒལ་ཚིགས་བཅོས་གིན་བརྩིགས་པས། ལོ་རེ་ལ་ཐོག་རེ་ཟིན། གདམ་ངག་རེ་གནང་། དབང་རེ་བསྐུར། ཐོག་ལྔ་པ་ལ་རྒྱུད་གསུངས། དྲུག་པ་ལ་ཡི་དམ་ལྷའི་ཞལ་གཟིགས། སྐབས་དེར་རྔོག་སྟོན་ཆོས་རྡོར་གྱི་ཕྱག་ཕྱིར་བྱོན། མི་ལ་ཕུག་ཏུ་སྒྲུབ་པ་མཛད། ཁོང་གི་དགྲ་དོལ་ཡབ་ཕོ་ཡས་མོ་བ་བཏུལ། མར་པ་ལ་ཡུམ་བདག་མེད་མས་ཞུ་རོགས་མཛད་པ་དང་།