R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 258
[A:258]མོས་གུས་ལ་ཐུགས་མཉེས་ནས། ཆོས་མ་ལུས་པར་གནང་། བྱིན་གྱིས་བརླབས། མར་པ་རྒྱ་གར་ལ་རྟིང་མ་བྱོན་དུས། མི་ལ་སྲས་ཀྱི་མཐུ་བོར་མངའ་གསོལ། ལུང་བསྟན་ནས། ལ་སྟོད་ལ་བརྫངས། འཇིག་རྟེན་སྤངས་ཞིང་། ལ་ཕྱིའི་གངས་ཀྱི་དང་། རྫོངས་དྲུག་སོགས་སུ་དཀའ་བ་སྤྱད། སྒྲུབ་པ་རྩེ་གཅིག་ཏུ་མཛད། ལོ་དགུའི་བར་ལ་ཉམས་རྟོགས་ཅི་ཡང་མ་བྱུང་ཀྱང་འབད་པས་ཟླ་བ་ཕྱེད་ནས། ཉམས་རྟོགས་དུས་གཅིག་ལ་རྡོལ་ནས། མཆོང་ལུང་དང་། ལ་ཕྱི་ཆུ་བཟང་། དྲིན་ཆུ་བར་རྣམས་སུ། འདྲེ་དམག་ཐེང་གསུམ་གྱིས་བར་ཆད་བརྩམས་ཀྱང་། རྣལ་འབྱོར་སྤྲོས་བྲལ་རོ་གཅིག་རིམ་པར་རྫོགས། བར་ཆད་རེ་སེལ་བ་དང་། བོགས་རེ་ཐོན། ཚེ་རིང་མ་སྤུན་ལྔ་དམ་ལ་བཏགས། དོགས་མེད་ཀྱི་རྣལ་འབྱོར་ལ་མངོན་དུ་ཕྱོགས་ཞིང་། རྫུ་འཕྲུལ་དུ་མས་གདུལ་བྱ་མི་དང་མི་མ་ཡིན་པ་ཐམས་ཅད་བཏུལ། རྒྱ་གར་ངྷརྨ་ཕ་ལ་དང་། དམ་པ་སངས་རྒྱས་ལ་སོགས་དང་རྫུ་འཕྲུལ་འགྲན། བོད་དུ་བྱོན་པའི་གྲུབ་ཐོབ་ལ་གྲུབ་རྟགས་བཟང་ཞིང་ངོ་མཚར་ཆེ་བར་གྲགས་སོ། །དགུང་ལོ་བརྒྱད་ཅུ་རྩ་བཞི་པ་ལ། མྱ་ངན་ལས་འདས་སོ། །དེ་ལ་བུ་ཆེན་དཔག་ཏུ་མེད་པ་ཡོད་པའི་ནང་ནས། སྲས་ཀྱི་མཐུ་བོ་བརྒྱད་ནི། གུང་ཐང་གི་གཉན་ཆུང་རས་པ། ལྕིམ་ལུང་གི་ངན་རྫོང་རས་པ། ཉ་མའི་འབྲི་སྒོམ་རས་པ། མདོ་སྒྲའི་སེ་བན་རས་པ། སྙི་ཤང་གི་ཁྱི་ར་རས་པ། རས་པ་ཞི་བ་འོད། སྡེ་བ་སྐྱོང་། མཉམ་མེད་དྭགས་པོ་ལྷ་རྗེ་རྣམས་སོ། །དང་པོར་ཆེ་བའི་སྲས་བཞི། བར་དུ་ཉེ་བའི་སྲས་བརྒྱད། ཐ་མར་སྐུ་བགྲེས་ཁར་འཁྲུངས་པའི་ཇོ་བོ་བཀའ་གདམས་པ་གསུམ་ཡོད་ཅེས་གྲགས་སོ། །གཉན་ཆུང་རས་པ་ནི། མཚན་རྡོ་རྗེ་གྲགས། ཐོག་མར་མི་ལ་དང་མཇལ། ཐུགས་ཟིན་རྒྱ་གར་ལ་ལན་ལྔ་བྱོན། ཝ་ལ་ཙནྡྲ། ཕམ་ཐིང་པ། ཏི་ཕུ་པ། མ་གཅིག་གྲུབ་པའི་རྒྱལ་མོ་ལ་སོགས་པ་མང་དུ་བསྟེན།