R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 259
[A:259]ཆོས་སྐོར་ཚན་ཆེ་བ་ཐོབ། ཕྱག་རྡོར་སྒྲུབ་པས་མཛེ་ཐོན། ཕྱིས་བོད་དུ་བླ་མ་ལ་ཞུས་ནས། དབུས་སུ་བྱོན། བྱེ་ཆུང་རྩད་པོའི་མཛེ་གསོས། མག་པ་མཛད། ཕོ་བྲང་སྐྱེགས་ལྡན་དུ། ལྷ་ལྕམ་ལྡེམ་བུའི་དམ་ཚིག་ཉམས་ནས་བྲལ། གཉལ་ལ་སོགས་པར་བཞུགས། དེ་ལ་སློབ་མ། ཉེ་གནས་རིན་ཆེན་གྲགས། བུར་སྒོམ་ནག་པོ། སུམ་སྟོན་ཆོས་དར། དགེ་བཤེས་ཁྱུང་ཚང་བ་ལ་སོགས་པ་མང་དུ་བྱོན། སྔོན་མཚོ་ལྔ་བྲེ་ཆུང་དུ། རྗེ་མི་ལ་དང་མཇལ་བའི་བུ་མོ་དབུལ་མོ་དེ། རས་ཆུང་བ་ལ་གཏད་ནས་བསྒོམས་པས། སེ་མོ་དོར་ལུས་མ་སྤངས་པ་ལ། མཁའ་སྤྱོད་དུ་གཤེགས་པའི་གྲུབ་ཐོབ་མ་ཞིག་ཀྱང་བྱུང་ངོ་། །རས་ཆུང་བ་དགུང་ལོ་གྱ་གཉིས་པ་ལ་གཤེགས་སོ། །རས་པ་ཞི་བ་འོད་ནི། བྲག་སྐྱེ་ཆུར་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས། བྲག་ཕུག་སྤྱི་བུ་བརྟོལ་ནས་མཁའ་སྤྱོད་ལ་གཤེགས་སོ། །འབྲི་སྒོམ་རས་པ་ནི། གང་པ་ཤེའུ་དང་། རྔོག་ལོ། ལྕལ་ལོ་ལ་སོགས་བླ་མ་མང་དུ་བསྟེན། རྗེ་མི་ལ་རྩ་བའི་བླ་མར་གྱུར་ནས། མི་ལོ་སུམ་ཅུར་སྒྲུབ་པ་མཛད། ཡི་དམ་ཞལ་གཟིགས་དངོས་གྲུབ་བརྙེས། མལ་ཡེར་པ་ལ་སོགས་སློབ་མ་མང་དུ་བྱོན་གདའ། མཉམ་མེད་དྭགས་པོ་ལྷ་རྗེ་ནི། མདོ་ཏིང་ངེ་འཛིན་རྒྱལ་པོ་དང་། སྙིང་རྗེ་པད་དཀར་དུ། སངས་རྒྱས་ཀྱིས་འདི་དགེ་སློང་འཚོ་བྱེད་དུ་གྱུར་ནས། བསྟན་པ་འཛིན་པ་ལ་བཀོད་ཅིང་། མཐར་རྒྱལ་བ་དྲི་མ་མེད་པ་ཅེས་སུ་སངས་རྒྱས་ཀྱིས་ལུང་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུར་གྱུར་པ་ཡིན་ལ། དེ་དང་ལྷན་གཅིག་ཏུ་བསྟན་པ་འཛིན་པར་ཁས་བླངས་པས། བྱང་ཆུབ་སེམས་པ་སྟོང་ལྔ་བརྒྱ་ཡང་། འདིས་འཁོར་ད་ང་རྒྱུད་པ་འཛིན་པ་རྣམས་ཡིན་པར། མདོ་སྡེ་ཉིད་ལས་གསལ་བས། རྣམ་ཐར་བསམ་གྱིས་མི་ཁྱབ་མོད་ཀྱི། གདུལ་བྱའི་སྣང་ངོར་ཡང་། རྗེ་མི་ལའི་ཐུགས་སྲས་ཀུན་གྱི་མཆོག་ཏུ་མར་པ་དང་། མི་ལ་གཉིས་