[A:263]སྐལ་ལྡན་ཡེ་ཤེས་སེང་གེ ཀུན་ལྡན་གཙང་པ་རས་ཆུང་པ། རྟོགས་ལྡན་མི་ཉག་སྒོམ་རིན། གྲུབ་ཐོབ་ཉག་རེ་སེ་བོའོ། །གཞན་ཡང་མཁན་པོ་ཞང་སུམ་ཐོག་པ་དང་། ཁྲོ་ཕུ་བའི་རྒྱལ་ཚ་རིན་ཆེན། ཆོས་རྗེ་ལྡུམ། རླངས་སེང་གེ་རྒྱལ་མཚན། སྨོན་སྟོན་ཆོས་བློ། སེང་གེ་སྡིང་པ། ཉན་ཤན་གྲོང་པ། ཞང་ཤི་རི་བ། སྲས་པོ་དགེ་བ་དཔལ། དགེ་བཤེས་སྟོན་འཇམ། རྒྱལ་ཚ། མེ་སྒོམ་ལ་སོགས་ཏེ། སྐུ་འདའ་བའི་ལོ་གྲྭ་པ་མཁས་གྲགས་ཐོན་པ་བརྒྱད་བརྒྱ་ཙམ་བྱུང་ངོ་། །སྒྲུབ་རྒྱུད་བསྟན་པའི་སྲོག་ཤིང་མཁས་གྲུབ་རྣམས། །བྱོན་ཚུལ་རྣམ་ཐར་བ་དན་ཆེར་གཡོས་པས། །ཟབ་དོན་ནོར་བུའི་ཏོག་འཛིན་མཁས་རྣམས་ཀྱི། །སྒྲུབ་པའི་རྒྱལ་མཚན་རྒྱུན་རིང་འཛུགས་པར་ཤོག ། །།