[A:262]བསྟན་ནས། སྒམ་པོར་བྱོན། མཁྱེན་རྟོགས་དང་ཐུགས་རྗེ་མཛད་པའི་རྣམ་ཐར་དཔག་ཡས་མངའ་བ་དེ། དགུང་ལོ་ལྔ་བཅུ་རྩ་བཞི་པ། གླང་ལོ་དབྱུག་པ་ཟླ་བའི་ཚེས་ཉི་ཤུ་ལ་མྱ་ངན་ལས་འདས་སོ། །དེའི་སློབ་མ་གྲུབ་ཐོབ་དབུ་སེ། ཞང་རིན་པོ་ཆེ། ཞང་སྟོན་ཀ་ལོ་ཀ དུང་སྟོན་ལ་སོགས་མང་དུ་བྱོན། བདེ་གཤེགས་ཁམས་པ་རྡོར་རྒྱལ་གྱི་གདུང་རུས་ནི། རྨེ་འདོར་བའི་ནང་ཚན་དབས། དེའི་ནང་ཚན་དབེ་ན། ཡབ་དབེ་ན་ཨ་དར་གྱི་སྲས་སུ། མེ་ཕོ་རྟ་ལོ་ལ། མདོ་ཁམས་ཡོར་ཁྲིམས་སུ་འཁྲུངས། ལྡོང་ཡན་བྱང་ཆུབ་ཀྱི་བུ། ཚུལ་ཁྲིམས་ལ་རབ་ཏུ་བྱུང་། ཨུ་རིང་རྒྱལ་འབར་ལ་ཆོས་གསན། ཉི་ཤུ་རྩ་ལྔ་ལོན་པ་ལ་དབུས་སུ་ཕེབས། ཟུལ་ཕུར་བྱ་འདུལ་བ་འཛིན་པའི་དྲུང་དུ་བསྙེན་རྫོགས་མཛད། དགེ་བཤེས་གཡོར་གཉན། དབར་ཙང་བུ་ཁ་པ། བྱང་སེམས་དཔའི་དམ་པ་སྙལ་ཆུང་བ། བླ་མ་འཛིམ། འཁོན་ས་སྐྱ་པ་ཆེན་པོ། ཉང་སྒོ་མཁན་པོ། བྱང་སེམས་ཟླ་བ་རྒྱལ་མཚན། བླ་མ་བྲག་དཀར་པོ་བ་ལ་སོགས། སྔགས་མཚན་ཉིད་ཀྱི་བཀའ་ལུང་གདམས་པ་རྣམས་ཞུས། དགུང་ལོ་བཞི་བཅུ་རྩ་གཉིས་པ། དགེ་བཤེས་ཞང་སུམ་ཐོག་པ་དང་འགྲོགས་ནས། སྒམ་པོར་བྱོན་ནས། མཉམ་མེད་དྭགས་པོ་ལྷ་རྗེ་དང་མཇལ། རྟོགས་པ་འཁྲུངས། ལོ་ངོ་གསུམ་བསྟེན། ཡར་བྱོན་ཚ་རང་བཙན་པོའི་སྦྱིན་བདག་མཛད་ནས། ལྕགས་ཕོ་ཁྱི་ལོ་ལ། ཕག་མོ་གྲུར་འཇག་སྤྱིལ་དགོན་པ་བཏབ། ཆོས་ཁྲིམས་བཅས། དགུང་ལོ་ལྔ་བཅུ་རྩ་ལྔ་ནས་འགྲོ་དོན་བསྐྱངས། དྲུག་ཅུ་རེ་གཅིག་པ་མེ་མོ་ཕག སྟོན་ཟླ་ཐ་ཆུང་གི་ཉི་ཤུ་ལྔ་ལ་ཕག་མོ་གྲུའི་མཐར་ཙར་མྱ་ངན་ལས་འདས་སོ། །དེའི་ཐུགས་ཀྱི་སྲས་ཡིན་ཏེ། བསོད་ནམས་མཐར་ཕྱིན་འབྲི་ཁུང་པ། མོས་གུས་མཐར་ཕྱིན་སྟག་ལུང་པ། ཤེས་རབ་མཐར་ཕྱིན་པར་བུ་བ། རྟོགས་པ་མཐར་ཕྱིན་སྣ་བུ་བ་རྣམས་སོ། །ཉེ་བའི་སྲས་བཞི་ནི།