[A:265]ཟེར་ལ། སྤྱན་མངའ་གྲགས་པ་བྱང་ཆུབ་པར་གྲགས་སོ། །དེས་ཕག་གྲུའི་ལྷ་ཁང་རྙིང་མ་བཞེངས། བསྟན་པ་དང་གདན་སའི་བྱ་བ་ཆེར་མཛད། ཕྱིས་ཁོང་པས་ཀྱང་། འབྲི་ཁུང་གདན་ས་ཡང་བསྐྱངས་ཤིང་། ཤས་ཆེ་བ་འབྲི་ཁུང་དུ་བཞུགས། ་ཕག་གྲུའི་གདན་ས་ལ། ཁོང་རང་གི་དབོན་པོ། ལྷ་རྒྱལ་བ་ཡེ་ཤེས་པ་བསྐོས་ནས་བཏང་བས། མལ་གྲོ་ལ་ཐོག་ཏུ་ཕེབས་པ་དང་། མལ་གྲོ་གཟི་ཆེན་ལ་སོགས། ཕར་ཚུར་གྱི་གཞི་བདག་གདུག་པ་ཅན་འགའ་གའ་རེས། བླ་མའི་ཉམས་སད་པའི་ཕྱིར་དུ། གློ་བུར་དུ་སྤྲིན་བསྡུས། འབྲུག་བསྒྲགས། ཐོག་སེར་ཕབས་བྱུང་བ་དང་། བླ་མས་ཆོས་གོས་ཐུ་བ་བར་སྣང་ལ་བཟེད་པ་དང་། ཐོག་མདའ་ལྔ་ཐུ་བ་ནང་སྲན་མ་རྒྱུག་པ་བཞིན། ཕར་རིལ་ཚུར་རིལ་དུ་བྱེད་ཀྱིན་འདུག་སྟེ། བླ་མ་དཔོན་སློབ་མི་ནོར་གང་ལའང་། ཐོག་གི་གནོད་པ་མ་ནུས་པས། རྒྱལ་བ་ཐོག་གདུགས་པར་གྲགས་ཤིང་། གདུལ་བྱ་དང་སྙན་གྲགས་ཤིན་དུ་ཆེ་བར་གྲགས་སོ། །དེའི་སྐུ་ཚེའི་སྨད་ལ། སྟོད་ཧོར་རྒྱལ་པོ་ཧུ་ལ་ཧུའི་བརྒྱ་འབུལ། ཉི་ཤུ་རྩ་གཅིག་གིས་ཐོག་དྲངས་པའི་འབུལ་མོ་ཆེ་བླངས། དེ་ནས་ཞག་བཅུ་བདུན་སོང་བ་དང་། རྒྱལ་བ་རིན་པོ་ཆེ་གྲོངས། དེའི་དབོན་པོ་རིན་པོ་ཆེ་བཅུ་གཉིས་པས་གདན་ས་མཛད་ནས། རྒྱལ་བ་རིན་པོ་ཆེའི་ནང་རྟེན་ལ། གསེར་གྱི་སྒོ་མང་བཞེངས། གདན་ས་མཐིལ་གྱི་སྒོ་མང་སྔ་མ་ཡིན་ནོ། །དེའི་སློབ་མ་ལ། སྤུ་རྟོགས་ཟེར། ཁོང་གྲོངས་ནས། སྤུ་རྟོགས་ཚོས་བླ་མའི་ནང་རྟེན་ལ་སྒོ་མང་ཞིག་བཞེངས། གདན་ས་བཅུ་གཉིས་པའི་དབོན་པོ་ཆེ་བ། གཅེན་གྲགས་ཡེ་བསྐོས། དེའི་སློབ་མ་ལ་ལྡོལ་སྤུ་ཟེར། སྤུ་ལྡོལ་གྱི་ཆགས་སྡང་དེ་ནས་བྱུང་། རིན་པོ་ཆེ་གྲགས་པས། ས་སྐྱ་པའི་བླ་མ་འཕགས་པ་ལ། རྒྱུད་གསུམ་མན་ངག་དང་བཅས་པ་ཞུས། བླ་མ་ཤར་པ་ཡེ་